དཀར་མཛེས་ཀྱིས་བཟོས་པའི་ཁོར་སྲུང་གློག་བརྙན་ཐོག་མ་དེ་མི་འགྱངས་པར་སྟོན་རྒྱུ་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 07-14



    གློག་བརྙན་༼འཁྱགས་རོམ་གྱི་བརྩེ་སེམས༽ཞེས་པ་དེ་ནི་ཉེ་བའི་ལོ་ཤས་རིང་གོ་ལའི་གནམ་གཤིས་དྲོད་ཚད་རྒྱུན་མཐུད་ངང་དྲོ་རུ་ཕྱིན་ནས་འཁྱགས་རོམ་བཞུར་ཆེ་བ་གླེང་གཞིར་བཟུང་ཡོད་པ་དང་། ཧྲེན་ཀྲེན་གྲོང་ཁྱེར་ཐན་ཏི་ཀྲེང་ཏའོ་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་སི་ཁྲོན་ཅིན་ཧུང་ཉི་འོད་སྣོད་བཅུད་རིག་གནས་ཁྱབ་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིས་མཉམ་འབྲེལ་ཐོག་བཏོན་པ་ཞིག་ཡིན། དཀར་མཛེས་ཁུལ་ཨུད་དྲིལ་བསྒྲགས་པུའུ་ཡིས་མཉམ་འབྲེལ་ཐོག་བཟོས་ཤིང་། གློག་བརྙན་གྱི་བརྒྱུད་རིམ་ཧྲིལ་པོ་ནི་དེང་རབས་ཀྱི་འཁྱགས་རོམ་དང་། ངོ་མཚར་གྱི་གངས་རི། ནགས་ཚལ་ཆུ་ཚན་བཅས་ལས་སྐད་གྲགས་ཆོད་པའི་དཀར་མཛེས་ཁུལ་དུང་དཀར་ལུང་གི་མཛེས་ལྗོངས་ཁུལ་དུ་པར་ལེན་བྱས་པ་དང་འབྲེལ། འདི་ལོའི་སྤྱི་ཟླ་8པའི་དབྱར་གསེང་སྐབས་རྒྱལ་ནང་གི་གློག་བརྙན་ཁང་དུ་སྟོན་རྒྱུ་རེད། 

    པར་གཞི་དེས་ཧྲེན་ཀྲེན་བརྙན་འཕྲིན་ལས་ཁུངས་ཀྱི་གཙོ་སྐྱོང་པ་ཧུའེ་ཙེ་དང་དུང་དཀར་ལུང་ཤུར་མཛེས་ལྗོངས་ཁུལ་གྱི་ཁོར་ཡུག་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་ལྟ་ཞིབ་ཚད་ལེན་པ་རྡོ་རྗེའི་བརྩེ་དུང་གཏམ་རྒྱུད་བརྗོད་བྱར་བཟུང་སྟེ། ལྗོངས་རྣམ་དང་གཞི་འཛིན་ས་མང་ཞིང་། ཆ་ལག་ཚང་བའི་སྒོ་ནས་དུང་དཀར་ལུང་ཤུར་མཛེས་ལྗོངས་ཁུལ་གྱི་མཛེས་སྡུག་ལྡན་པའི་རང་བྱུང་ཁོར་ཡུག་དང་། བབ་ཆགས་པའི་དམངས་སྲོལ་གོམས་གཤིས། འཛམ་གླིང་ཀུན་ཏུ་སྐད་གྲགས་ཆོད་པའི་འཁྱགས་རོམ་གྱི་རྣམ་པ་བཅས་མངོན་པར་བྱས་པ་དང་། ཆབས་ཅིག་ཏུ་ཁོར་ཡུག་སྲུང་སྐྱོང་གི་སྤྱི་ཕན་དང་། དགོད་བྲོ་བའི་ཟློས་གར། ལྗང་མདོག་འཚོ་བ་སོགས་དེང་སྐབས་དར་ཁྱབ་ཆེ་བའི་གྲགས་ཅན་གཞི་རྒྱུ་མང་པོ་ཞིག་མཉམ་འདྲེས་ཀྱིས་མི་རྣམས་ལ་དགོད་བྲོའི་གཏམ་རྒྱུད་ཀྱི་བྱུང་རིམ་གཅིག་རྗེས་གཉིས་མཐུད་ངང་སྟོན་པ་དང་། དུང་དཀར་ལུང་ཤུར་གྱི་འཁྱག་རོམ་ལྡེ་མིག་ཏུ་བྱས་ནས་རང་བྱུང་ཁམས་ཆེ་མོའི་ངོ་མཚར་ཆེ་བའི་སྐྱེ་ཁམས་ཀྱི་གསང་བའི་སྒོ་མོ་ཕྱེ་ཡོད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1