ལྕགས་ཟམ་རྫོང་ནས་ཧྲི་མན་བར་གྱི་མྱུར་བགྲོད་གཞུང་ལམ་སྐྲུན་ཤུགས་ཆེ་རུ་བཏང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 07-21


        སྤྱི་ཟླ7པའི་ཚེས14ཉིན་ལ། གསར་འགོད་པས་སི་ཁྲོན་གཞུང་ལམ་ཚོགས་པ་ཁམས་བོད་མཐོ་སྒང་ལྕགས་ཧྲེ་སྤྱི་གཉེར་ཁང་ནས་གནས་ཚུལ་ཤེས་རྟོགས་བྱུང་དོན། ད་ལོའི་སྤྱི་ཟླ་ལྔ་པའི་ཚེས་གཅིག་ཉིན་ནས་ད་བར། ལྕགས་ཟམ་ནས་ཧྲེ་མེན་བར་གྱི་མྱུར་བགྲོད་གཞུང་ལམ་ལས་གཞིའི་ལས་ཡུལ་ས་ཚུགས་ཡོངས་ཀྱིས་འབད་བརྩོན་འོག་ཏུ། ལས་མགོ་བཙུགས་ཚད་བརྒྱ་ཆ100ལ་ཟིན་ཞིང་། 2021ལོའི་ལོ་སྟོད་ཀྱི་མ་འཇོག་དམིགས་འབེན་ལས་འགན་ཚད་ལས་བརྒལ་ནས་ལེགས་གྲུབ་བྱུང་ཡོད་ཅིང་། ཕུག་ལམ་ཨར་ལས་བརྒྱ་ཆ24.5དང་། ཟམ་པ་དང་ལམ་དུང་ཨར་ལས་བརྒྱ་ཆ14.5དང་། ལམ་གདན་ཨར་ལས་བརྒྱ་ཆ14བཅས་ཡོངས་སུ་གྲུབ་ཡོད། དེ་དང་ཆབས་ཅིག་ལོ་དེའི་ནང་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་དུས་བདེའི་ལོ་བརྒྱའི་སྤུས་ཚད་ལས་གྲྭའི་དཔེ་སྟོན་ལས་གཞི་དང་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་དུས་བདེའི་ལས་ཡུལ་འཛུགས་སྐྲུན་རིགས་གཅིག་མཁས་ཅན་གྱི་སྐོར་སྐྱོད་མཛུབ་ཁྲིད་ལས་གཞིར་བདམས་པ་དང་། ཨར་ལས་འཛུགས་སྐྲུན་ལས་རིགས་ཀྱིBIMའགྲན་བསྡུར་ཆེ་མོ་སྐབས་གཉིས་པ་ལས་འགྲིམ་འགྲུལ་ཨར་ལས་རིགས་ཀྱིBIMབྱ་དགའ་རིམ་པ་གཉིས་པ་ཐོབ་ཡོད།
        སི་ཁྲོན་གཞུང་ལམ་ཚོགས་པ་ཁམས་བོད་མཐོ་སྒང་ལྕགས་ཧྲེ་སྤྱི་གཉེར་ཁང་གིས་ལས་གཞི་འཛུགས་སྐྲུན་ཡག་ཅིང་མགྱོགས་པ་ཡོང་བའི་ཆེད་དུ། ལས་ཡུལ་ཀུན་ཏུ་གོ་རིམ་ཆ་ཚང་དང་ལས་རིམ་ཆ་ཚང་། འཁོར་སྐྱོད་ཆ་ཚང་བཅས་ཆ་ཚང་གསུམ་གྱི་ལས་དོན་སྒྲུབ་ཐབས་སྤྱད་པ་དང་། ཨར་ལས་སྡེ་ཚན་དང་ལས་ཀ་འབྲེལ་གཏུག་བྱེད་དུས་འགལ་ཆ་མེད་པ་དང་། ཕུག་སྒོའི་ཚད་ལྟར་ལས་གཞན་ས་རྐོ་རྡོ་རྐོ་བྱེད་མི་དགོས་པ་དང་། ཐོན་སྐྱེད་དང་འཚོ་བའི་བཙོག་ཆུ་ཕྱིར་འབུད་མི་བྱེད་པ་བཅས་ཀྱི་ལས་གཞིའི་བླང་བྱ་ཐེངས་དང་པོར་བཏོན་ཞིང་། དེ་བཞིན་ལས་ཡུན་ལྡོག་རྩིས་དང་ལས་རིམ་གོ་སྒྲིག་ཡོད་པ། འཆར་གཞི་ལྟར་སྒྲུབ་པ། བཟོ་པ་ལས་ཡུལ་དུ་ལོ་སར་གཏོང་བ་སྐུལ་མ་བྱེད་པ། འཛུགས་སྐྲུན་སྡེ་ཚན་ཁག་གིས་ལོ་སར་སྐབས་སུ་ཡང་ལས་མཚམས་མི་འཇོག་པ་སྒྲིག་འཛུགས་བྱེད་པ་བཅས་ལ་དམ་འཛིན་ནན་འཛིན་བྱས་ཏེ། 2024ལོའི་ལོ་མཇུག་སྔོན་ལ་ཨར་ལས་ཡོངས་སུ་འགྲུབ་ཐུབ་པར་ཁག་ཐེག་བྱས་པ་རེད།
        ལྕགས་ཟམ་ནས་ཧྲེ་མེན་བར་གྱི་མྱུར་བགྲོད་གཞུང་ལམ་དེ་ལྕགས་ཟམ་རྫོང་རྫ་སྟེང་གྲོང་སྡེའི་ས་སྒང་ཐང་ནས་མགོ་བཙུགས་པ་དང་། གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་ལ་མཐུད་ཡོད་ཅིང་། ས་སྒང་ཐང་གི་འགག་རྩ་འབྲེལ་ལམ་དང་། ལྕགས་ཟམ་ལྷོ་ཕྱོགས་ཀྱི་འབྲེལ་ལམ། རི་མཇུག་གྲོང་རྡལ་གྱི་འབྲེལ་ལམ། དུང་དཀར་ལུང་པའི་འབྲེལ་ལམ། ཝ་སྒང་ཐང་གི་འབྲེལ་ལམ། ཨན་ཧྲུན་གྱི་འབྲེལ་ལམ། གསོམ་ཤིང་ཐང་གི་འགག་རྩ་འབྲེལ་ལམ་བཅས་བརྒྱུད་དེ། མཇུག་སྣེ་གཡག་རྔ་ནས་ཞི་ཁྲང་བར་གྱི་མྱུར་བགྲོད་གཞུང་ལམ་དང་མཐུད་ཡོད། རིང་ཚད་སྤྱི་ལེ96.51ཡོད་ཅིང་འཁོར་ལམ་བཞི་ཡོད། ཟམ་པ་དང་ཕུག་ལམ་གྱི་བསྡུར་ཚད་བརྒྱ་ཆ86.5ལ་ཟིན་ཡོད། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར174.08གཏང་དགོས་ཤིང་ལས་ཡུན་ལོ་བཞི་ཡིན་པ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན།《སི་ཁྲོན་ཞིང་ཆེན་མྱུར་བགྲོད་གཞུང་ལམ་དྲ་བའི་འཆར་འགོད(2019ལོ་ནས2035ལོ་བར)》ཀྱི་འཆར་འགོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས། གཡག་རྔ་ནས་ཞི་ཁྲང་བར་དང་གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་སྟེ་སི་ཁྲོན་ནུབ་རྒྱུད་ཀྱི་འགྲིམ་འགྲུལ་འགག་རྩ་ཆེན་པོར་སྦྲེལ་བའི་འབྲེལ་གཏུག་ལམ་ཆེན་འདི་གཉིས་བསྐྲུན་རྗེས། སའི་ལྡོག་ཤུགས་ཆེ་བའི་འགུལ་སྐྱོད་གས་རྒྱུད་ས་ཁུལ་དུ་ཕུག་ལམ་འཛུགས་སྐྲུན་ལག་རྩལ་ཁྱབ་ཁོངས་ཀྱི་སྟོང་ཆ་ཁ་སྐོང་ཐུབ་ཡོད་པར་མ་ཟད། རང་རྒྱལ་གྱི་མཉམ་གཤིབ་ཉེ་མཐུད་ཀྱི་འགུལ་སྐྱོད་གས་རྒྱུད་ས་ཁུལ་དུ་ཆེ་རིང་ཟབ་གསུམ་གྱི་ཕུག་ལམ་ཆེ་གྲས་བསྐྲུན་རྒྱུར་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད། ལྕགས་ཟམ་རྫོང་ནས་ཧྲི་མན་བར་གྱི་ཆུ་ཚོད2.5ཡི་རླངས་འཁོར་ལམ་ཐག་དེ་ཆུ་ཚོད1ཙམ་བསྟུངས་ནས་སི་ཁྲོན་ཞིང་ཆེན་གྱི་མྱུར་བགྲོད་གཞུང་ལམ་དྲ་བ་སྔར་བས་འཐུས་ཚང་དུ་བཏང་སྟེ་ཁྲོན་བོད་ལྕགས་ལམ་དང་དར་མདོའི་གནམ་ཐང་སོགས་ལས་ས་ཁོངས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་གྲུབ་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1