གང་ལ་མི་ཞུམ་སྤྲོ་བའི་ངང་།། འབྱོར་བ་ཕུན་སུམ་ཚོགས་པར་བྱ།།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བོད་ཡིག་གསར་འགྱུར། སྤེལ་དུས། 07-29




ད་ལོའི་ལོ་སྟོད་ཀྱི་རྔ་བ་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་བཤད།

    ད་ལོའི་ལོ་སྟོད་ཀྱི་རྔ་བ་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ནི་མི་ལ་སྐུལ་མ་གཏོང་ཐུབ་པའི་གཞི་གྲངས་ཤིག་སྟེ། ཁུལ་ཡོངས་ཀྱི་ས་ཁུལ་གྱི་སྤྱིའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་196.1ཟིན་ཡོད་པ་དང་། ཐོན་ལས་དང་པོའི་རིན་ཐང་འཕར་མ་9.2%དང་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་14.3%འཕར་ཡོད་པས་འཕར་ཚད་སུ་ཁྲོན་ཞིང་ཆེན་གྱི་ཨང་དང་པོར་སླེབས་ཡོད། རིག་གནས་དང་ཡུལ་སྐོར་ཐོན་ལས་ནི་རྔ་བ་ཁུལ་གྱི་དཔལ་འབྱོར་དར་བའི་རྒྱུ་གཙོ་བོ་ཞིག་སྟེ། ལོ་ཕྱེད་ཀྱི་རིང་། རྔ་བ་ཁུལ་གྱིས་1+6གི་དེང་རབས་ཞབས་ཞུའི་ལས་རིགས་ཀྱི་མ་ལག་གསར་པར་དམ་པོར་དམིགས་ནས་རིག་གནས་ལྗོངས་སྐོར་གཙོ་གནད་དུ་བྱས་ཏེ་སེམས་ཤུགས་གཅིག་སྒྲིལ་གྱིས་མཉམ་འདྲེས་ལ་སྐུལ་འདེད་དང་། ལས་རིགས་དར་རྒྱས་གཏོང་བ། ཁྲོམ་ར་རྒྱ་ཆེར་གཏོང་བ་བཅས་བྱས་པས་རིག་གནས་དང་ཡུལ་སྐོར་ཐོན་ལས་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་ཡོད་པ་དང་། འབྲེལ་ཡོད་སྲིད་ཇུས་ལེགས་པོ་བཏོན་ནས་སི་ཁྲོན་རྒྱལ་སྤྱིའི་རིག་གནས་ཡུལ་སྐོར་དུས་ཆེན་སོགས་གཉེར་བས་སྤུས་རྟགས་ཆེན་པོ་དགུའི་ཤུགས་རྐྱེན་ཐེབས་ཤུགས་མངོན་གསལ་དོད་པོར་ཆེ་རུ་ཕྱིན་ཡོད། ལོ་སྟོད་དུ་རྔ་བ་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་1702ལ་སྣེ་ལེན་བྱས་པ་དེ་ན་ནིང་ལས་77.7%འཕར་ཡོད་པ་དང་ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་141ཟིན་པ་དེ་ན་ནིང་ལས་65.3%འཕར་འདུག
    སྒོ་འབྱེད་མཉམ་ལས་གཏིང་ཟབ་བྱས་ཏེ། སྒོ་འབྱེད་རྒྱུ་དེ་གཞི་རྩའི་འཐབ་ཇུས་སུ་བརྩིས་ནས་མཉམ་ལས་རྒྱ་སྐྱེད་པ་དང་། མཉམ་སྒྲུབ་རིམ་སྤར། ཁ་ཆད་དོན་འཁྱོལ་བཅས་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་། དབུན་ཀྲོའུ་དང་། ཅ་ཞིང་། ཧུའུ་ཀྲོའུ་བཅས་དང་རེས་སྐོར་གསར་པའི་ཁ་གཏད་རོགས་སྐྱོར་གྱི་འབྲེལ་བ་བཙུགས་ནས་མ་དངུལ་སྒོར་དུང་ཕྱུར་6.5འབྱོར་བ་དང་། ཁག་དང་པོའི་རྣམ་གྲངས་108ཁྱོན་ཡོངས་ནས་ལག་བསྟར་བྱེད་མགོ་ཚུགས་ཡོད། ཞིང་ཆེན་གནམ་གཤིས་ཅུས་དང་ཐན་ཧྥུའུ་ཁུལ་གསར་ཁྲེང་ཏུའུ་དོ་དམ་ཨུ་ལྷན་སོགས་དང་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ནས་ཁྲེང་ཏུའུ་དང་ཁྲུང་ཆིང་གི་རིག་གནས་དང་ཡུལ་སྐོར་མ་འཇོག་མཉམ་ལས་འོས་སྦྱོར་འདུ་ཚོགས་བདེ་བླག་ངང་གཉེར་བ་དང་། མཉམ་ལས་རྣམ་གྲངས་7ལ་གསར་དུ་མིང་རྟགས་བཀོད་པས་མ་དངུལ་སྒོར་དུང་ཕྱུར་53.9འབྱོར།
    ལོ་ཕྱེད་ཀྱི་རིང་ལ། རྔ་བ་ཁུལ་གྱིས་མི་དམངས་ལ་ཕན་པའི་ལས་དོན་སྒྲུབ་པར་སྒོར་དུང་ཕྱུར་119.3བཏང་ནས་ནུས་ཤུགས་ཡོད་རྒུས་དམངས་འཚོའི་བྱ་བ་ཡག་པོ་བསྒྲུབས་པ་དང་ཁས་ལེན་ཇི་མ་ཇི་བཞིན་མངོན་འགྱུར་བྱས་ཡོད་པ་དང་། ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་རྒྱུ་དེ་དམངས་འཚོའི་ལས་གཞི་གལ་ཆེ་ཤོས་སུ་བརྩིས་ནས་རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག་དང་། ལས་གཏོད་སྣེ་ཁྲིད་འཆར་གཞི་ལག་བསྟར་བྱས་ཏེ། ཞིང་གྲོང་གི་ངལ་ནུས་ཁྲི་14.6གཞན་སྒྱུར་དང་ཕྱིར་གཏོང་བྱས་པར་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་23.8ཟིན། རྔ་བ་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་འགན་སྲུང་དེ་ཆེས་གཞི་རྩའི་དམངས་འཚོའི་ལས་གྲྭར་བརྩིས་ནས་དམངས་ཡོངས་ལ་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་། འགན་བཅོལ་ཆེན་པོ་ལྔ་རུ་ཞུགས་མཁན་མི་ཐེངས་ཁྲི་173.3ཟིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཁ་གསབ་བརྟན་པོའི་ངང་མཐོ་རུ་བཏང་བ་དང་། གཙོ་གནད་སྨན་བཅོས་རོགས་སྐྱོབ་བྱ་ཡུལ་ཞིང་ཆེན་ནང་ཁུལ་གྱི་དྲ་སྦྲེལ་སྒྲིག་གཞིའི་གཅིག་འཐུས་རྣམ་པའི་རྩིས་ཞུའི་བསྡུར་ཚད་70%ཡན་ཟིན་ཡོད། དཀའ་ངལ་ཡོད་པའི་རྒན་རྒོན་ཁྲི་3ལ་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོབ་མ་དངུལ་སྒོར་དུང་ཕྱུར་1.2སྤྲད་ཡོད་པ་དང་། དབང་པོ་སྐྱོན་ཅན་གྱི་ཁ་གསབ་རོགས་དངུལ་ཁག་གཉིས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1