ལི་ཁེ་ཆང་གིས་རྒྱལ་ཡོངས་ཀྱི་བུ་བཙའི་སྲིད་ཇུས་ལེགས་སུ་གཏོང་རྒྱུའི་བརྙན་འཕྲིན་ཁ་པར་ཚོགས་འདུར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 07-29


        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཡོངས་ཀྱི་བུ་བཙའི་སྲིད་ཇུས་ལེགས་སུ་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་དེ་སྤྱི་ཟླ་7པའི་ཚེས་27ཉིན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་རེད། མཆན་བཀོད་མཛུབ་སྟོན་ནང་། མི་འབོར་གྱི་གནད་དོན་ནི་ཀྲུང་ཧྭ་མི་རིགས་གོང་འཕེལ་དང་འབྲེལ་བ་ཡོད་པའི་རྨང་གཞིའི་རང་བཞིན་དང་། ཁྱོན་ཡོངས་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་གནད་དོན་ཞིག་རེད།
        ཕྲུ་གུ་གསུམ་སྐྱེ་ཆོག་པའི་སྲིད་ཇུས་དང་ལེ་ལག་ཚང་བའི་རྒྱབ་སྐྱོར་བྱེད་ཐབས་ལག་བསྟར་བྱ་རྒྱུ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རང་རྒྱལ་གྱི་མི་འབོར་གོང་འཕེལ་གྱི་འགྱུར་ལྡོག་ལ་གཞིགས་ནས་གཏན་འཁེལ་བྱས་པའི་ཐབས་ཇུས་གལ་ཆེན་ཞིག་དང་། མི་འབོར་ཡུན་རིང་དོ་སྙོམས་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད།
        ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། ཕྲུ་གུ་གསུམ་སྐྱེ་ཆོག་པའི་སྲིད་ཇུས་ལག་བསྟར་ཡག་པོ་བྱེད་དགོས། ལེགས་བཙའ་ལེགས་གསོའི་ཞབས་ཞུའི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་བ་དང་། ཀུན་ཕན་བཅོལ་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་བ། འབྲེལ་ཡོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྲིད་ཇུས་དང་བུ་བཙའི་སྲིད་ཇུས་ཆ་འགྲིག་འབྲེལ་མཐུད་ཡོང་བ་བྱེད་པ། མང་ཚོགས་ཀྱིས་ཕྲུ་གུ་སྐྱེ་བ་དང་། གསོ་བ། སློབ་གསོ་རྒྱག་པ་བཅས་ཀྱི་ཁུར་པོ་ཡང་དུ་གཏོང་བ་བཅས་བྱ་དགོས། འཆར་ལྡན་བུ་བཙའི་ཁྱིམ་ཚང་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཡག་པོ་བྱེད་པ་དང་། འཆར་ལྡན་བུ་བཙའི་དམིགས་བསལ་ཁྱིམ་ཚང་གི་ཕྱོགས་ཡོངས་ཀྱི་རོགས་སྐྱོར་འགན་ལེན་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། རིམ་ཁག་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ཞིབ་ཕྲའི་ལག་བསྟར་ཇུས་གཞི་དང་ལེ་ལག་ཚང་བའི་སྲིད་ཇུས་དང་བྱ་ཐབས་བཟོས་ནས་ལས་ཀ་དོན་འཁྱོལ་བྱེད་རྒྱུར་དམ་འཛིན་བྱས་ཏེ། རྒྱལ་ཁབ་དང་མི་དམངས་ལ་ཕན་པའི་བྱ་བ་བཟང་པོ་དེ་ཡག་པོ་སྒྲུབ་དགོས་ཞེས་བསྟན་གནང་ཡོད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས། མི་འབོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་དོན་འཁྱོལ་བྱས་ཏེ། ཕྲུ་གུ་གསུམ་སྐྱེ་ཆོག་པའི་སྲིད་ཇུས་དང་ཆ་འགྲིག་རྒྱབ་སྐྱོར་བྱེད་ཐབས་ལག་ལེན་བསྟར་རྒྱུ་གཙོ་གནད་དུ་འཛིན་པ་དང་། བུ་བཙའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་རྒྱུ་འདེགས་སྐྱོར་དུ་བྱེད་པ། གཉེན་སྒྲིག་དང་། བུ་བཙའ། གསོ་སྐྱོང་། སློབ་གསོ་བཅས་ཀྱི་མ་གནས་དམའ་རུ་གཏོང་རྒྱུས་འགན་ལེན་བྱེད་པ། མི་འབོར་ཡུན་རིང་དོ་མཉམ་ངང་གོང་འཕེལ་འགྲོ་བར་ཤུགས་རྐྱེན་བཟོ་བའི་བསམ་བློའི་འདུ་ཤེས་དང་། སྲིད་ཇུས་དང་ཁྲིམས་སྲོལ། སྒྲིག་སྲོལ་དང་ལམ་སྲོལ་བཅས་མེད་པ་བཟོ་བ། བུ་བཙའི་སྲིད་ཇུས་དང་འབྲེལ་ཡོད་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྲིད་ཇུས་ཀྱིས་མཉམ་དུ་ནུས་པ་ཐོན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མི་འབོར་གོང་འཕེལ་གྱི་འཐབ་ཇུས་དམིགས་ཚད་བདེ་བླག་ངང་མངོན་འགྱུར་ཡོང་བར་འགན་ལེན་བྱ་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1