གཙོ་ངོས།>> སྒྱུ་རྩལ།>>རི་མོ།

བསྟན་འཛིན་སྐྱབས་ཀྱིས་བྲིས་ཤིང་པར་བླངས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༨ཚེས་༠༢ཉིན།

༄༅།། སྨན་སྒང་པ་ཡོན་ཏན་ཚེ་རིང་གི་རི་མོའི་བརྩམས་ཆོས་བདམས་བཀོད།


བསྟན་འཛིན་སྐྱབས་ཀྱིས་བྲིས་ཤིང་པར་བླངས།
        སྨན་སྒང་པ་ཡོན་ཏན་ཚེ་རིང་ནི་སྤྱི་ལོ་1954ལོར་ཁམས་སྡེ་དགེའི་ཟིལ་ཆུ་ཡར་སྟོད་ལུང་རྣམ་ཕུ་སྨན་དེའུ་སྒང་དུ་ཕ་སྐེད་ལུང་ནང་པདྨ་ཚེ་དབང་དང་མ་མཚར་སར་ཚོ་ཨ་ཟིལ་གཉིས་ལ་སྐུ་འཁྲུངས། ཁོང་སྐུ་ན་ཆུང་དུས་ནས་སྤྲུལ་པའི་ལྷ་བཟོ་ཁྱུ་མཆོག་ཐང་བླ་ཚེ་དབང་གི་མདུན་ནས་བཟོ་རིག་དང་ནང་དོན། གསོ་རིག །སྙན་ངག །སྐར་རྩིས་སོགས་ལ་སློབ་གཉེར་ཕྱིས་ཕྱིན་པར་བྱས་ལ། དེའི་ནང་ནས་བྲིས་འབུར་གཉིས་ལ་ལྷག་པར་མཁས་པས་བོད་ཀྱི་རི་མོའི་སྒྱུ་རྩལ་གྱི་ལུགས་ཆེན་པོའི་བཞི་ལས་ཀརྨ་སྒར་བྲིས་ལུགས་ཀྱི་ཚབ་མཚོན་མི་སྣ་གཙོ་བོ་རུ་གྱུར།

ས་སྐྱ་པཎ་ཌི་ཏ།

        1984ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་ཕེབས་ནས་བཟོ་རིག་པའི་དགེ་རྒན་ཆེན་མོ་མཛད་ནས་ད་བར་དུ་སློབ་བུ་སྟོང་གཉིས་ལས་བརྒལ་བར་བསྐྱངས། ཁོང་གི་ཞལ་རས་འཛུམ་ཞིང་བརྩེ་བ་དང་ཐུགས་རྒྱུད་ཞི་ཞིང་དུལ་བ་ཡིས་སློབ་བུ་བརྒྱ་སྟོང་མང་པོ་ལ་མ་འོངས་པའི་ཕུགས་འདུན་དང་བདེ་སྐྱིད་ཀྱིས་འཚོ་བ་བསྐྲུན་ཡོད། གཞན་ཡང་ཀྲུང་གོའི་བཀའ་བསྟན་དཔེ་བསྡུར་ཁང་གི་རི་མོའི་འཆར་འགོད་ཀྱི་བློ་འདྲི་ས། བར་བཅུག་རི་མོ་སོགས་བྲིས་མྱོང་ལ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཟེངས་རྟགས་མང་དུ་ཐོབ་མྱོང་། མ་ཟད་སི་ཁྲོན་ཞིང་ཆེན་མཛེས་རྩལ་མཐུན་ཚོགས་ཀྱི་ཨུ་ཡོན་དང་། དཀར་མཛེས་ཁུལ་མཛེས་རྩལ་རི་མོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་རྒྱལ་ཁབ་རིམ་པའི་ཀརྨ་སྒར་བྲིས་ཀྱི་དངོན་མིན་རིག་གནས་ཤུལ་བཞག་གི་རྒྱུད་འཛིན་པ་ཡིན།

སྨན་བླ་དོན་གྲུབ།

        དེ་བཞིན་ཁོང་གི་མི་ཚེའི་བརྒྱུད་རིམ་ཁྲོད་དུ་རི་མོའི་བྲིས་བཟོ་དང་བཅའ་བཟོ། བརྐོས་བཟོ་སོགས་ཀྱི་སྒྱུ་རྩལ་བརྩམས་ཆོས་གྲངས་ལས་འདས་པའི་མཛད་རྗེས་བཞག་ཡོད་དེ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་བྱས་པའི་ཁོང་གིས་བརྩམས་པའི་བཟོ་རིག་སྐོར་ཀྱི་དེབ་གཉིས་པ་བོད་ཀྱི་ཐང་ག་རི་མོའི་རྨང་གཞི་རྩ་གནད་མཁོ་འདོན་དང་ལག་རྩལ་གྱི་མན་ངག་བཙན་ཐབས་སུ་རྟོགས་པའི་ལེགས་བཤད་དམིགས་སྒོ་ཅུང་ཟད་བསྟན་པ་ཞེས་པ་མཇུག་བསྡོམས་ལས་འདི་ལྟར་གསུངས་ཡོད་དེ། གཙོ་བོ་ཡུལ་དུས་དང་འཚམ་པའི་སློབ་གསོས་སློབ་མ་ལ་ཞབས་འདེགས་ཞུ་དགོས་པས་དེའི་ཐད་ལ་ཁོང་གིས་དམ་བཅའ་ངག་ཐོག་ཏུ་ཡོད་པའི་འབོད་ཚིག་ཉག་གཅིག་ནི། བསླབ་ན་སློབ་ཆོག །ཤེས་པ་རྒན་རབས་ལ་ཆགས་པས་ང་ཚོས་མ་བསླབས་ན་སུས་བསླབ། ལོ་ན་གཞོན་པས་ཁྱེད་ཚོས་མ་སྦྱངས་ན་སུས་སྦྱང་། སྔོན་སོང་གི་ཨ་ཇོ་ཁག་གཅིག་གོ་སྐབས་མེད་ལ། འབྱུང་འགྱུར་གྱི་ཁྱོད་རང་ལ་ཡང་གཞོན་པ་མིན་པས་ད་ལྟ་མ་སྦྱངས་ན་ནམ་སྦྱང་། སྦྱོང་བརྩོན་ལ་རེམ་དང་མཁས་པ་སློབ་སྦྱོང་གི་སྡུག་བསྔལ་ནི་ནམ་ཕུགས་ཀྱི་བདེ་བ་ཡིན་ལ། བླུན་པོ་སོས་དལ་དུ་བསྡད་པའི་བདེ་བ་ནི་ནམ་ཕུགས་ཀྱི་སྡུག་བསྔལ་ཡིན་པས། དེས་ན་བདེ་བའི་རྒྱུ་བསླབ་པ་ལ་འབད་པར་གྱིས་དང་འབྲས་བུ་སྡུག་བསྔལ་ལས་རྒྱལ་བ་ཞིག་ཡོང་། དེ་ཡང་གཞན་དང་འགྲན་རྩོད་ལས་རྒྱལ་མི་དགོས་ཏེ། ང་ཚོ་རང་ཉིད་ལས་རྒྱལ་དགོས། རང་གི་ལེ་ལོ་དང་སྒྱིད་ལུག་ལས་རྒྱལ་དགོས། སྐྱིད་འདོད་ཁོག་རུལ་ལས་རྒྱལ་དགོས། དེ་དག་ལས་རྒྱལ་བ་ཞིག་བྱུང་ན། བསླབ་སྦྱོང་ལ་མོས་པ་རྒྱས་ནས་རི་མོའི་ལག་རྩལ་ལ་མཁས་པ་འབྱུང་བ་དང་། རི་མོའི་ལག་རྩལ་ལ་མཁས་ན་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པ་དང་། བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་ན་རང་གིས་ལག་རྩལ་བསླབ་པའི་དམིགས་ཡུལ་དང་བསམ་དོན་འགྲུབ་པ་མ་ཡིན་ནམ། ཞེས་པའི་གསུངས་འདི་ལས་ཁོང་གིས་སློབ་བུ་ལ་བཅངས་པའི་ཐུགས་བརྩེ་དང་མ་འོངས་པའི་བོད་ཀྱི་རི་མོའི་སྒྱུ་རྩལ་ལ་བཅངས་བའི་ཕུགས་འདུན་དང་རེ་བ་མཚོན་ཡོད་དོ། ། 

གཡུ་ཐོག་ཡོན་ཏན་མགོན་པོ།

རྗེ་ཙོང་ཁ་པ།

སི་ཏུ་ཆོས་འབྱུང་།

ཐང་སྟོང་རྒྱལ་པོ།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1