ནོར་གནག་རིག་གནས་དུས་སྟོན་སྐབས་དགུ་བ་ཚོགས་མགོ་བརྩམས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། རྔ་བའི་རྒྱང་སྒྲོག་ཁང་། སྤེལ་དུས། 09-03


        ཟླ9ཚེས1ཉིན། ཧུང་ཡོན་རྩྭ་ཐང་ཆེན་མོའི་ཕང་བ་རུ་དགའ་སྤྲོའི་ཡོ་ལང་རབ་ཏུ་རྒྱས་པའི་སྤུན་ཟླ་དག་མཉམ་དུ་འཛོམས་ནས་ནོར་གནག་རིག་གནས་དུས་སྟོན་སྐབས་དགུ་བའི་མཚར་སྡུག་ལ་མཉམ་རོལ་བྱས།

        ཟླ་དགུ་པའི་ཉི་འོད་འོག་ནོར་གནག་རོལ་དབྱངས་འབྲོག་ར་སྔོ་ཐིང་ངེར་གནས་པ་དང་མི་ཚོགས་ཀྱིས་ཁེངས་ཤིང་། སྔ་དྲོའི་ཆུ་ཚོད་10པ་ཙམ་ལ། འབྲོག་པ་ཚོས་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ཏེ་ཚང་མ་རྩྭ་ཐང་དུ་འཛོམས་ནས་མགོ་འཛུགས་མཛད་སྒོའི་འཁྲབ་སྟོན་ལ་བལྟས་པས་ཡུལ་དངོས་སུ་དགའ་འབོད་ཀྱི་ཀི་སྒྲ་བར་མེད་དུ་གྲགས།

       ཆུ་ཚོད་10དང་སྐར་མ་30ཡི་ཐོག་དགའ་འབོད་དང་ཤོག་སྦག་གི་གད་སྒྲའི་ཁྲོད་ཧུང་ཡོན་རྩྭ་ཐང་ཆེན་མོའི་ནོར་གནག་རིག་གནས་དུས་སྟོན་སྐབས་དགུ་པ་འགོ་ཚུགས་པ་རེད།

       མགོ་ཚུགས་མཛད་སྒོའི་ཐོག་གླུ་དང་ཞབས་བྲོ། ཕྱུགས་ཟོག་ཚོགས་རར་སྐྱོད་པ་སོགས་ཀྱི་ལེ་ཚན་འཁྲབ་སྟོན་བྱས་པ་དང་བསྟུན་ནས་རྩྭ་ཐང་ཧྲིལ་པོ་དགའ་སྤྲོའི་རྣམ་པས་ཁེངས།

        མགོ་ཚུགས་མཛད་སྒོ་འཚོགས་རྗེས་ད་ཐེངས་ཀྱི་རིག་གནས་དུས་སྟོན་གྱི་ནང་དོན་གལ་ཆེན“ཁ་བའི་གཡང་ནོར”ཞེས་པའི་འབྲི་གཡག་གི་འོ་མ་འཇོ་བའི་འགྲན་བསྡུར་དང་། གཡག་ལ་ཁ་ལོ་བཏུལ་བའི་འཁྲབ་སྟོན་འགྲན་བསྡུར། མཛེས་འདེམས་འགྲན་བསྡུར་སོགས་ཀྱི་འགྲན་བསྡུར་རེ་རེ་བཞིན་མཐོང་བྱེད་རྒྱལ་མོའི་དཔལ་དུ་སྨིན།

     སྐབས་འདིའི་ནོར་གནག་རིག་གནས་དུས་སྟོན་གྱི་རིམ་སྤེལ་བྱེད་སྒོ་ལས་ནོར་གནག་གི་ཁྱད་ཆོས་ལྡན་པའི་རིག་གནས་སྔོག་འདོན་གཏིང་ཟབ་བྱས་ཏེ་སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་ཀྱི་དམངས་སྲོལ་གོམས་གཤིས་མཚོན་པར་བྱས་ཤིང་། སྲོལ་རྒྱུན་གྱི་སྐོར་བྲོ་དང་། རྒྱན་གོས། ཟློས་གར། དམངས་གླུ། དམངས་ཁྲོད་ཀྱི་རྡུང་ལེན་སོགས་བོད་རིགས་ཀྱི་དམངས་སྲོལ་རིག་རྩལ་འཁྲབ་སྟོན་དང་ནོར་གནག་མཛེས་འདེམས་དང་། བོད་ལུགས་ལྗིད་འདེགས་སོགས་བོད་རིགས་ཀྱི་དམངས་ཁྲོད་སྲོལ་རྒྱུན་ལུས་རྩལ་བྱེད་སྒོ་ཟུང་འབྲེལ་གང་ལེགས་བྱས་ཏེ་རྩྭ་ཐང་གི་མཛེས་ལྗོངས་དང་འབྲོག་པའི་རིག་གནས། ལུས་རྩལ་འགྲན་བསྡུར། དམངས་སྲོལ་གོམས་གཤིས་བཅས་མཉམ་འདྲེས་བཅས་བྱས་ཏེ་སྟོན་མཇུག་གི་ཡུལ་སྐོར་མགོ་བརྩམས།

      ཤེས་རྟོགས་བྱུང་བར་གཞིགས་ན། 2021ལོར་ཧུང་ཡོན་རྩྭ་ཐང་ཆེན་མོའི་ནོར་གནག་རིག་གནས་དུས་སྟོན་སྐབས་དགུ་པ་སྐབས་སྔོན་མའི་དུས་ཆེན་དག་དང་བསྡུར་ན་ཁྱད་ཆོས་ལྡན་ལ་གསར་གཏོད་ཀྱི་ཆ་གང་མང་ཡོད་པ་དང་། ནང་དོན་དེ་བས་ཕུན་སུམ་ཚོགས་པ། རྣམ་པ་དེ་བས་མང་བ། རིག་གནས་དང་ལུས་རྩལ། ཡུལ་སྐོར་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བ་བྱས་ནས“ཕོག་ཐུག་རང་བཞིན་དང་འགྲན་སློང་རང་བཞིན། ཉེན་མཆོང་རང་བཞིན། ལྟད་མོའི་རང་བཞིན”བཅས་གཞི་གཅིག་ཏུ་བསྡུས་ཡོད་པ་རེད། བྱེད་སྒོ་སྤེལ་རིང་ད་དུང་རིག་རྩལ་མཚན་ཚོགས་ཆེ་གྲས་འཚོགས་ནས་སྐད་གྲགས་ཅན་གྱི་སྒྱུ་རྩལ་མི་སྣ་འཁྲབ་སྟོན་བྱ་ཡུལ་དུ་གདན་དྲངས་ཡོད་པ་རེད། སྐབས་དེ་དུས“ལུས་རྩལ་དང་རིག་གནས”མཉམ་འདྲེས་གཏིང་ཟབ་དང“ཡུལ་སྐོར་དང་རོལ་རྩེད”མཉམ་འདྲེས་གཏིང་ཟབ་བྱེད་པ་དང་། རྩྭ་ཐང་གི་མཛེས་ལྗོངས་དང་སྐྱས་སྤོས་རིག་གནས། དམངས་སྲོལ་གོམས་གཤིས་བཅས་མཉམ་འདྲེས་མཉམ་འགུལ་བྱས་ཏེ་ཧུང་ཡོན་རྩྭ་ཐང་ཆེན་མོའི་ཕུན་སུམ་ཚོགས་པའི་ཡུལ་སྐོར་རིག་གནས་ཐོན་ཁུངས་དང་གཏིང་ཟབ་པའི་རིག་གནས་ཀྱི་ནང་དོན་ཕྱོགས་ཡོངས་ནས་མངོན་པ་དང་། དུས་སྐབས་གསར་པའི་མི་རིགས་ས་ཁུལ་ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པ་དང་མི་རིགས་ཁག་གི་མང་ཚོགས་མཐུན་སྒྲིལ་འབད་འཐབ་ཀྱི་བསམ་པའི་ཉམས་འགྱུར་གཏིང་ཟབ་མངོན་པར་བྱ་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1