མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བདུན་པའི་འགོ་ཚུགས་མཛད་སྒོ་ལི་ཏུའུ་ས་ཁུལ་དུ་བསྡུས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 09-15



        ཟླ9པའི་ཚེས12ཉིན་གྱི་དགོང་མོ། མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བདུན་པའི་འགོ་ཚུགས་མཛད་སྒོ་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ས་ཁུལ་དུ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་གྱིས་འགྲན་ཚོགས་དངོས་སུ་མགོ་བརྩམས་པ་ཁྱབ་སྒྲོག་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཤིས་ཚིག་ཕུལ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་ཚོགས་འདུར་ཞུགས།

        ཀྲུང་ཧྭ་རྒྱལ་ཡོངས་ལུས་རྩལ་སྤྱི་ཁྱབ་ལྷན་ཚོགས་དང་བོད་རང་སྐྱོང་ལྗོངས་སོགས་ལས་ཁུངས་དང་ས་ཁུལ་གྱིས་འཕྲིན་ཡིག་གི་ལམ་ནས་རྟེན་འབྲེལ་ཞུས། ཞིང་ཆེན་གྱི་འགོ་ཁྲིད་ཝུའུ་ཞའོ་ཅུན་དང་མགོན་པོ་བཀྲ་ཤིས། ཐིན་ཅཱ་ཚའེ། ཡུས་ཚུང་ལི། མཱ་ཅི་ཞའོ། ཡུས་ཧྲུའུ་ཆང་། ལིག་ཐུང་ཏི། དབྱང་ཀྲི་ཝུན། ཝང་ཞོན། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མུའུ་ཧ་ཡ་ཐིས་ཅཱ་ཨར་མུའུ་ཧ་མའེ་ཐིས། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་སུ་དང་ཅུའུ།  སི་་ཁྲོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འབྲེལ་ཡོད་བློ་མཐུན་བཅས་འགོ་ཚུགས་མཛད་སྒོར་ཞུགས། ཐེངས་འདིའི་ལུས་རྩལ་འགྲན་ཚོགས་རྩ་འཛུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ཧྲིན་ཀྲང་གཞོན་པ་དབྱང་ཧྥུན་ཁྲུན་གྱིས་འགོ་ཚུགས་མཛད་སྒོར་གཙོ་སྐྱོང་གནང་།



        ཞིན་ཁྲང་ཞིང་གིས་ཤིས་ཚིག་ཁྲོད་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་འགྲན་ཚོགས་སྟེང་ཕེབས་པའི་སྐུ་མགྲོན་རྣམས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། རྒྱ་ཆེ་བའི་ལུས་རྩལ་པ་དང་རྩལ་ཁྲིད་དགེ་རྒན། ཤན་འབྱེད་པ། འབྲེལ་ཡོད་ལས་བཟོ་བ་ཡོངས་བཅས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས། ཁོས་བཤད་རྒྱུར། རབ་མཛེས་མཚོ་སྔོན་ནི་ཡུལ་ལྗོངས་མཛེས་པ་ཁོ་ན་ཙམ་མ་ཡིན་པར་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་ནི་གནས་འདིའི་ཆེས་མཛེས་སྡུག་གི་ཁྱད་ཆོས་ངོ་མ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་གཏོང་དགོས་པའི་སྐོར་གྱི་དགོངས་པ་གལ་ཆེན་གྱི་སྣེ་ཁྲིད་འོག མཚོ་སྔོན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བསྐྲུན་རྒྱུར་དམ་འཛིན་དང་། མི་རིགས་ཚང་མ་སེའུ་འབྲུའི་འབྲུ་གུ་བཞིན་དམ་པོར་འབྲེལ་བ་ཇི་བཞིན་ཡོང་བར་སྐུལ་འདེད་བཏང་བ་བརྒྱུད། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་མཚོ་སྔོན་མཐོ་སྒང་གི་གཞི་རུ་རྣམ་པར་བཞད་དེ་དྲི་བསུང་ཕྱོགས་བཞིར་ཁྱབ། 

        ད་ལོ་ནི་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བའི་ལོ་ཡིན་ལ། ལོ་ལྔ་ཚན་བཅུ་བཞི་པ་མགོ་རྩོམ་པའི་ལོའང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡང་བསྐྱར་མཚོ་སྔོན་ལ་གཟིགས་ཞིབ་མཛད་དེ་གསུང་བཤད་གལ་ཆེན་གནང་བ་དེས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་སྤུན་ཟླ་རྣམས་ལ་ལག་གདང་དམ་པོར་སྦྲེལ་ནས་རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་པའི་ཕྱོགས་སུ་སྤོབས་པ་ཆེན་པོས་སྐྱོད་པར་ངར་ཤུགས་ཆེན་པོ་བསྩལ། མིག་སྔར་རྒྱལ་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་མི་རིགས་ལས་དོན་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱེད་བཞིན་པའི་ངར་ཐོག་འདིར། ང་ཚོས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བདུན་པ་སྤེལ་བ་ནི། ཏང་གི་མི་རིགས་གཞུང་ལུགས་དང་མི་རིགས་སྲིད་ཇུས་ཁྱད་དུ་འཕགས་པ་ཡིན་པའི་ལག་ལེན་གསོན་པོ་དང་ཀྲུང་ཧྭའི་རིག་གནས་སྣ་མང་ཉམས་འགྱུར་སྟོང་ལྡན་ཡིན་པའི་མངོན་སྟངས་གསོན་པོ་ཡིན་པར་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་མོའི་གསོན་ཉམས་མངོན་སྟངས་ཡིན། ང་ཚོས་མཉམ་དུ་འབད་འབུངས་བྱས་ཏེ་ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ནི་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་་འདུ་ཤེས་བརྟན་པོ་བསྐྲུན་ཐུབ་པའི་གཟབ་རྒྱས་ཚོགས་ཆེན་ཞིག་དང་། ཁྱོན་ཡོངས་ནས་མཚོ་སྔོན་གྱི་འཕེལ་རྒྱས་གྲུབ་འབྲས་སྟོན་ཐུབ་པའི་ཚོགས་ཆེན་ཞིག་ཏུ་འགྱུར་གང་ཐུབ་བྱེད་དགོས་ལ། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་སྙིང་སྟོབས་ཟིལ་ཤུགས་ཆེན་པོ་གཅིག་བསྡུས་ལ་སྐུལ་འདེད་བཏང་བ་བརྒྱུད། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་མཚོ་སྔོན་གྱི་ལེའུ་གསར་པ་རྩོམ་པར་བྱས་རྗེས་གསར་པ་འཇོག་དགོས།



        རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་འགྲན་ཚོགས་ཀྱི་ཚོགས་ཡུན་ཉིན་དྲུག་ཡིན་པ་དང་། འགྲན་སྡུར་གྱི་རྣམ་གྲངས་ལ་ཆེ་ཕྱོགས་ནས་འགྲན་སྡུར་གྱི་རྣམ་གྲངས་དང་འཁྲབ་སྟོན་གྱི་རྣམ་གྲངས་གཉིས་ཡོད། འགྲན་སྡུར་གྱི་རྣམ་གྲངས་ལ་གཙོ་བོ་མི་རིགས་ཀྱི་དྲག་རྩལ་དང་མི་རིགས་ཀྱི་མདའ་རྩལ། མི་རིགས་ཀྱི་རྟ་རྩལ་སོགས་རྣམ་གྲངས་ཆེ་བ་བཅུ་གཉིས་དང་ཆུང་བ་དྲུག་ཅུ་རེ་གཉིས་ཡོད། འཁྲབ་སྟོན་རྣམ་གྲངས་དེ་རྩལ་འགྲན་གྱི་རིགས་དང་ཐབས་རྩལ་གྱི་རིགས། ཕྱོགས་བསྡུས་ཀྱི་རིགས་བཅས་སུ་དགར་ཡོད། མཚོ་སྔོན་གྱི་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། རང་སྐྱོང་ཁུལ་དྲུག རང་སྐྱོང་རྫོང་བདུན།  སྤྱི་བདེ་མི་དམངས་ཉེན་རྟོག་པ། མཚོ་སྔོན་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་དགེ་འོས་སློབ་ཆེན་བཅས་འཐུས་ཚབ་ཚོགས་པ་བཅུ་དགུ་ཡིས་གྲུབ་པའི་ལུས་རྩལ་པ་སྟོང་གཅིག་དང་བརྒྱད་བརྒྱ་བཞི་ཅུ་ཐེངས་འདིའི་འགྲན་སྡུར་ལ་ཞུགས་ཡོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1