སི་ཁྲོན་སན་ཞིང་ཏུའེ་ནས་ཡང་བསྐྱར་གསར་རྙེད་ཆེན་པོ་བྱུང་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 09-15




སན་ཞིང་ཏུའེ་ཡི་གནའ་རྫས་རྟོག་ཞིབ་གསར་ཤོས་ཁྲོད།
ཡང་བསྐྱར་ས་འོག་ནས་རིག་དངོས་འབོར་ཆེན་རྙེད་བྱུང་།
 
ཐེངས་དང་པོར་ས་འོག་ནས་ཐོན་པའི་གསེར་གྱི་གདོང་འབག་ཆ་ཚང་དེར།
ལོ་ངོ་སྟོང་ཕྲག་འགོར་རུང་སྔར་བཞིན་བཀྲག་མདངས་འཚེར་གྱིན་ཡོད།

 གསེར་གྱི་གདོང་འབག་ཆ་ཚང་དེ་ནི་ས་འོག་ནས་གསར་དུ་ཐོན་པའི་དངོས་རྫས་གལ་ཆེན་ཞིག་ཡིན།
སྔོན་ཆད་སྔོག་འདོན་བྱས་པའི་གསེར་གྱི་གདོང་འབག་ཚང་མ་ཆག་སྐྱོན་ཤོར་འདུག་ཀྱང་།
ཐེངས་འདིའི་གསེར་གྱི་གདོང་འབག་དེ་ཧ་ཅང་ཆ་ཚང་ཞིང་།
སྤུས་ཀ་དག་ཅིང་བཟོ་རྩལ་ཧ་ཅང་ལེགས་པས།
ལོ་ངོ་སྟོང་ཕྲག་འགའི་རྗེས་སུ་སྔར་བཞིན་འོད་མདངས་འཕྲོ་བཞིན་མཆིས།
ཆེད་མཁས་པས།
གདོང་འབག་དེ་ཕལ་ཆེར་ལི་ཆས་ཀྱི་མགོ་བརྙན་ཐོག་ཏུ་སྦྱར་ཡོད་པའི་ཚོད་དཔག་བྱས།
 
མཛེས་སྡུག་ལྡན་པའི་གཡང་ཊིའི་མཆོད་འབུལ་ཡོ་བྱད་དང་བློ་ཡུལ་ལས་འདས་པའི་ལྷ་ཤིང་གིས།
མི་རྣམས་ཀྱི་བསམ་གཞིགས་ཀྱི་སྒོ་འཕར་ཡངས་པོར་ཕྱེ།

 གཡང་ཊིའི་སྦུག་དབྱིབས་ནི་གནའ་བོའི་དུས་སུ་མཆོད་འབུལ་ཡོ་བྱད་ཅིག་ཡིན་ཞིང་།
དེའི་ཕྱིའི་གཟུགས་ནི་གྲུ་བཞི་དང་ནང་རོལ་སྒོར་དབྱིབས་ཡིན་པ་དང་།
འབྲི་ཆུའི་སྨད་རྒྱུད་ཀྱི་ལེང་ཀྲུའུ་རིག་གནས་ལས་བྱུང་ཞིང་།
ཐེངས་འདིར་ས་འོག་ནས་ཐོན་པའི་གཡང་ཊིའི་མཆོད་འབུལ་ཡོ་བྱད་ཀྱི་ངོས་སུ།
དྭངས་ཤིང་གསལ་བའི་ལྷ་ཤིང་ཞིག་བརྐོས་འདུག
དེས་ཡང་དག་པའི་སྒོ་ནས།
ལོ་ངོ་སྟོང་ཕྲག་འགའི་སྔོན་གྱི་སན་ཞིང་ཏུའེ་ཡི་སྔོན་བྱོན་པ་རྣམས་ཀྱིས།
འགྲིམ་འགྲུལ་སྟབས་བདེ་མིན་པའི་གནས་ཚུལ་འོག
ལེ་བར་སྟོང་གི་ཕྱི་རོལ་གྱི་ཤེས་རིག་དང་འབྲེལ་འདྲིས་བྱེད་ཐུབ་པ་བདེན་དཔང་བྱས་ཤིང་།
ཀྲུང་ཧྭའི་ཤེས་རིག་སྣ་མང་གཞི་གཅིག་ཏུ་འདུས་ཤིང་།
ཕན་ཚུན་མཉམ་འདྲེས་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཞིག་ར་སྤྲོད་བྱས་ཡོད།
 
མཐོང་དཀོན་པའི་ལི་ཆས་གཟུགས་བརྙན་དེའི་སྐྲ་ལོ་ནི་དགུང་དུ་འཕྱོ་ཞིང་།
ལག་ཟུང་གི་བསྡུར་ཚད་ཚད་ལས་བརྒལ་བ་ཞིག་ཡིན།

 ས་འོག་ནས་གསར་དུ་ཐོན་པའི་ལི་ཆས་ཏེ།   པུས་མོ་ས་ལ་བཙུགས་པ་དང་མགོ་བོ་ཕྱིར་འཁོར་བའི་གཟུགས་བརྙན་དེ།
བཟོ་དབྱིབས་ཧ་ཅང་མཛེས་པས།   མཐོང་དཀོན་པ་ཞིག་ཡིན་ལ།
ཉམས་འགྱུར་ཡོངས་སུ་རྫོགས་ཤིང་།  གཟུགས་པོའི་བསྡུར་ཚད་དང་རྣམ་འགྱུར།  བཟོ་ལྟ་ཚང་མ་ངོ་མ་དང་འདྲ།
སྐྲ་ལོ་དགུང་དུ་འཕྱོ་ཞིང་ལག་ཟུང་གི་བསྡུར་ཚད་ཚད་ལས་བརྒལ་བས།
དངོས་བྲིས་རིང་ལུགས་དང་འཆར་ཡན་ཀུན་རྟོག་གིས་ཕྱུག་པའི་བརྩམས་ཆོས་ཤིག་སྟེ།
མི་རྣམས་ཀྱི་དྲན་པའི་ངོགས་སུ་ཉམས་སྣང་སྣ་ཚོགས་ཤིག་འཆར་དུ་བཅུག
 
ད་ལྟ་སྔོག་འདོན་བྱེད་བཞིན་པའི་ཨང་རྟགས8པའི་མཆོད་འབུལ་ས་དོང་གི།
རིམ་པ་དང་པོའི་ཐལ་རྡུལ་རིམ་པ་ལས།
ཟངས་ཆས་ཆག་རོ་འབོར་ཆེན་དང་།
གཡུ་ཆས280ལྷག་ཙམ།
གསེར་གྱིས་ཤན་པའི་ཡོ་བྱད300ལྷག་ཙམ་རྙེད་ཟིན།

 རིམ་པ་གཉིས་པ་ལས་གླང་ཆེན་གྱི་བ་སོ200ལྷག་ཙམ་ཡོད་ཅིང་།
འོག་ནི་རིམ་པ་གསུམ་པའི་རིག་དངོས་ཡིན་ལ།
དེ་ལས་མིག་སྔར་ལི་ཆས་ཀྱི་ལྷའི་རི་དྭགས་དང་།
སྔར་མཐོང་མ་མྱོང་བའི་ལི་ཆས་མཆོད་སྟེགས།
དེ་བཞིན་ཚོན་དམར་གྱི་རྗེས་ཤུལ་ཡོད་པའི་ཟངས་ཆས་བཅས་རྙེད་བྱུང་།

 ད་ཆ་སན་ཞིང་ཏུའེ་ཡི་གནའ་རྫས་རྟོག་ཞིབ་སྔོག་འདོན་གྱི་རྒྱ་ཁྱོན་དེ།
སན་ཞིང་ཏུའེ་ཡི་རྗེས་ཤུལ་ཡོངས་ཀྱི་རྒྱ་ཁྱོན་གྱི་སྟོང་ཆའི་གཉིས་ཙམ་མ་གཏོགས་སླེབས་མེད་པས།
ད་དུང་གསང་བ་མང་པོ་ཞིག་བརྟོལ་བར་སྒུག་ཡོད།
སན་ཞིང་ཏུའེ་ཡི་སྐར་མ་འོད་པོ་ཆེ་འདི་བརྒྱུད་དེ།
ཀྲུང་ཧྭའི་ཤེས་རིག་གི་ཨ་སྔོན་དགུང་དབྱིངས་སུ།
གང་སར་ཁྱབ་པའི་སྐར་ཚོགས་འཚོལ་དུ་འགྲོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1