ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་།། ཡུལ་མིའི་འཚོ་བ་ཉིན་བཞིན་ཇེ་ཡག་ཕྱིན།།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 10-15



ཉག་ཆུ་རྫོང་གྲོང་གསུམ་ཡུལ་ཤོག་སྤྲིན་འདབས་གྲོང་སྡེའི་ཧྲུའུ་ཅི་དང་པོ་རེན་ཀང་གི་གནས་ཚུལ་རགས་བཀོད།

ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་།། ཡུལ་མིའི་འཚོ་བ་ཉིན་བཞིན་ཇེ་ཡག་ཕྱིན།།

          ཉག་ཆུ་རྫོང་གྲོང་གསུམ་ཡུལ་ཤོག་སྤྲིན་འདབས་གྲོང་སྡེའི་གྲོང་དམངས་ཨུ་ལྷན་གྱི་གཞུང་ལས་ཁང་དུ་ཧྲུའུ་ཅི་དང་པོ་རེན་ཀང་གིས་གྲོང་སྡེའི་ལས་བྱེད་པ་རྡོ་རྗེ་དང་ལས་དོན་རྩིས་སྤྲོད་རྩིས་ལེན་བྱེད་བཞིན་མཆིས། རྩ་འཛུགས་ཀྱི་བཀོད་སྒྲིག་ལྟར། ཉིན་འདི་ཁ་ཤས་རིང་གསར་དུ་བསྐོ་གཞག་བྱས་པའི་ཧྲུའུ་ཅི་དང་པོ་ལས་གནས་སུ་སླེབས་ནས་ལོ་གཉིས་ནང་གྲོང་སྡེར་བཅའ་སྡོད་ལས་དོན་ལེགས་སུ་གྲུབ་ཟིན་ཞིང་། ད་རེན་ཀང་ཡང་རང་ཉིད་ཀྱི་ལས་ཁུངས་ཉག་ཆུ་རྫོང་ཁྲལ་དོན་ཅུས་སུ་ཕྱིར་ལོག་རྒྱུ་རེད།

སྤྲིན་འདབས་གྲོང་སྡེ་ནས་ཉག་ཆུ་རྫོང་གྲོང་བར་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་གྱི་ལམ་ཐག་ཡོད་ལ། ར་རྔ་ཁའི་བར་སྤྱི་ལེ60ཙམ་ལས་མེད། འོན་ཀྱང་མ་ལམ་གཙོ་བོའི་འགྲམ་དུ་མེད་པས་གྲོང་སྡེར་ཡུལ་སྐོར་ཡོང་མཁན་ཧ་ཅང་ཉུང་། ན་ནིང་དབྱར་ཁ་ནས་བཟུང་སྤྲིན་འདབས་གྲོང་སྡེར་ཡུལ་སྐོར་ཡོང་མཁན་མང་དུ་ཕྱིན་ཞིང་། བསྡོམས་རྩིས་བྱས་པར་གཞིགས་ན། ན་ནིང་དབྱར་དུས་སུ་གྲོང་སྡེས་ཡུལ་སྐོར་བ་མིའི་ཐེངས་གྲངས3000ལྷག་ལ་སྣེ་ལེན་ཞུས་པ་རེད། ཐག་རིང་ལུང་ཁུག་གི་གྲོང་སྡེ་ཞིག་ཏུ་འཁྲུག་ཆ་དོད་པོར་གྱུར་ནས་གྲོང་མི་ཚོས་ཀྱང་ཡུལ་སྐོར་གྱི་ཡོང་འབབ་རག། སྤྲིན་འདབས་གྲོང་སྡེའི་ཡུལ་སྐོར་འཕེལ་རྒྱས་ཀྱི་ལམ་བུའི་ཐད་བཤད་ན་ཧྲུའུ་ཅི་དང་པོ་རེན་ཀང་གི་གྲོང་སྡེར་བཅའ་སྡོད་ལས་དོན་ནས་མགོ་འཛུགས་དགོས།

ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་།། ཡུལ་མིའི་འཚོ་བ་ཉིན་བཞིན་ཇེ་ཡག་ཕྱིན།།

ལས་འགན་ཕྲག་ཏུ་ཁུར།།  དཀའ་བ་དཔག་མེད་བསྐྱེད།།

2019ལོའི་སྤྱི་ཟླ6པར་རེན་ཀང་གིས་རང་མོས་ངང་སྤྲིན་འདབས་གྲོང་སྡེའི་ཧྲུའུ་ཅི་དང་པོའི་འགན་འཁུར་རྒྱུའི་རེ་ཞུ་ཕུལ་ཏེ་ཡིད་ཆེས་ཀྱིས་ཁེངས་བཞིན་གྲོང་སྡེར་བཅའ་སྡོད་ཀྱི་ལས་དོན་སྤེལ་མགོ་ཚུགས། “ངའི་སེམས་ནང་ང་ནི་གྲོང་གསེབ་ནས་ཡོང་བ་ཞིག་ཡིན་སྟབས་གྲོང་གསེབ་ལ་རྒྱུས་མངའ་ཆེ་ཙམ་ཡོད་པས་ངས་ལས་དོན་ཡག་པོ་ཞིག་བསྒྲུབ་ཐུབ་པའི་ཡིད་ཆེས་ཡོད”ཅེས་བཤད། ཡིད་ཆེས་ཀྱིས་ཁེངས་པའི་ཁོ་ཉིད་གྲོང་སྡེར་འབྱོར་རྗེས་སྡེའི་བཅའ་སྡོད་ལས་དོན་དེ་ཁོའི་བསམ་ཚོད་ལྟར་ལས་སླ་ཞིང་སྟབས་བདེ་མོ་དང་བདེ་བླག་ཅིག་གཏན་ནས་མ་ཡིན་པ་ཤེས།

“གྲོང་སྡེར་སླེབས་མ་ཐག་ང་མི་སེར་གྱི་ཁྱིམ་དུ་འཚམས་འདྲིར་བསྐྱོད་པའམ་ཡང་ན་མི་སེར་ལ་སྲིད་ཇུས་བཤད་པའི་ལས་དོན་སྤེལ་ཡང་གྲོང་མི་ལ་ལས་ང་ལ་ཁ་ཡ་གཏན་ནས་མི་བྱེད་པར་རང་ཉིད་ཀྱིས་རྒྱ་སྐད་ཤེས་ཀྱི་མི་འདུག་ཅེས་བརྗོད་ཀྱི་འདུག། སྐད་བརྡ་མི་འཕྲོད་པའི་གནད་དོན་བསལ་ཆེད་ངས་ས་གནས་དེ་གའི་སྐད་ཡིག་སྦྱོང་པར་འབད་བརྩོན་ཆེན་པོ་བྱས་ཏེ་ཡུན་རིང་མ་འགོར་བར་གྲོང་མི་རྣམས་དང་ཁ་བརྡ་ཅུང་ཙམ་བྱེད་ཤེས་པར་གྱུར། གྲོང་མི་རྣམས་དང་ཁ་བརྡ་བྱས་པ་དང་རྒྱུས་ལོན་གཏིང་ཟབ་བྱས་པར་བརྒྱུད་ཁོ་ཚོའི་རྒྱ་སྐད་མི་ཤེས་པ་མ་ཡིན་ཏེ། ཁོ་ཚོར“སྒུག་བརྟེན་སློང་གསུམ”གྱི་བསམ་བློ་ཧ་ཅང་ཚབས་ཆེན་ཡོད་པ་ཤེས་རྟོགས་བྱུང་། གྲོང་མི་དང་ཁ་བརྡ་བྱས་པ་དང་བསམ་བློ་བརྗེ་རེས་ཅི་འདྲ་བྱས་ཀྱང་ཁོ་ཚོས་སོ་སོའི་ཁྱིམ་ཚང་གི་དཀའ་ངལ་གྱི་གནད་དོན་བཤད་པ་དང་དམངས་ཕན་གྱི་མ་དངུལ་གཅིག་པུར་བསམ་བློ་བཏང་བ་ལས་རང་རང་གིས་ལག་ཟུང་ལ་བརྟེན་ནས་དབུལ་ཐར་ཕྱུག་འགྱུར་བྱ་རྒྱུའི་བསམ་བློ་མི་འདུག།

ཐོག་མར་ཁོ་ཚོའི་སྒུག་བརྟེན་སློང་གསུམ་གྱི་བསམ་བློར་འགྱུར་ལྡོག་གཏོང་བའི་འགག་རྩ་བསམ་བློར་བཅིངས་འགྲོལ་གཏོང་བ་དང་འདུ་ཤེས་བརྗེ་བསྒྱུར་ལ་ཐུག་ཡོད། བོད་མི་དམངས་ལ་གནའ་སྔ་མོ་ནས་བཟུང་དཀའ་སྤྱད་འབད་འཐབ་དང་རང་སྟོབས་རང་སྤེལ་གྱི་སྲོལ་རྒྱུན་བཟང་པོ་ལྡན་སྟབས་ཁོ་ཚོ་ལ་སྲོལ་རྒྱུན་བཟང་པོ་དར་སྤེལ་ཡག་པོ་གཏོང་བ་དང་། དབུལ་ཐར་འགག་སྒྲོལ་གྱི་བྱེད་པོའི་འདུ་ཤེས་བརྟན་པོར་ཆགས་པ། ཕྱུག་འགྱུར་འཇོན་ཐང་སྦྱོང་བ་བཅས་བྱས་ཏེ་དབུལ་ཕོངས་ཀྱི་རྣམ་པར་འགྱུར་ལྡོག་གཏོང་བ་དང་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་དགོས་རྒྱུའི་སློབ་གསོ་གཏོང་བ་དང་འབྲེལ་ཁྲིད་སྟོན་ཡང་བྱས་ཤིང་། ཕྱུག་འགྱུར་དཔེ་མཚོན་སྔོག་འདོན་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་ཉེ་འཁོར་དུ་བྱུང་བའི་བྱ་བ་བགྲངས་ནས་ཉེ་འཁོར་གྱི་མིར་སློབ་གསོ་བཏང་བ། མིག་དཔེའི་སྣེ་འདྲེན་དང་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བཅས་བྱས་ནས་དབུལ་ཐར་འགག་སྒྲོལ་གྱི་ནང་སྐྱེས་སྒུལ་ཤུགས་རྒྱུན་ཆད་མེད་པར་གོང་འཕེལ་གཏང་རྒྱུའི་ཐད་ལ་བསམ་བློ་བཏང་ནས་ཉལ་ན་གཉིད་མི་ཁུག་པ་དང་ཟས་ལ་བྲོ་མི་ལྡན་པར་གྱུར།

ཉིན་ཞིག་གི་མཚན་མོར་རེན་ཀང་རྩྭ་ཐང་ཐོག་གན་རྐྱལ་དུ་ཉལ་ནས་སྐར་ཚོགས་ལ་ལྟ་བཞིན་མུ་མཐུད་ནས་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་། བློ་རྩེ་ཉི་ཤུ་རྩ་ལྔ་བཀོད་ནས་ཐབས་གང་དྲག་དང་འདིང་གང་ཕོག་བྱས་ནས་བསྡད། སྤྲིན་འདབས་གྲོང་སྡེ་ནི་པར་ལེན་གྱི་ཞིང་ཁམས་ཞེས་མཚན་སྙན་ཡོད་པའི་ར་རྔ་ཁ་དང་ཐག་ཧ་ཅང་ཉེ་ལ། ཉེ་འགྲམ་དུ་རྫ་ཁྲོད་སྒྲུབ་ཕུབ་དང་གྲོང་གསུམ་མེ་ཏོག་གི་མཚོ་མོ། གངས་དཀར་གྱི་མཛེས་འཆོས་སྤྲས་སྟེགས། མི་ཉག་རིག་གནས་བཅས་ཡོད་པས་དངོས་གནས་མི་ཡུལ་གྱི་དག་ཞིང་ལྟར་ཡིན་ནའང་མི་རྣམས་ཀྱིས་མི་གོ་བ་ནི་སུ་ལ་བསོད་ནམས་དམན་པ་རེད་ཅེས་རང་གི་རང་ལ་དེ་ལྟར་བཤད་ཞོར་ཕ་ཡུལ་གྱི་གྲོགས་པོ་ཞིག་སེམས་ནང་དུ་ཤར། གྲོགས་པོ་དེ་རྟག་ཏུ་རླངས་འཁོར་བཏང་སྟེ་སི་ཁྲོན་ནུབ་རྒྱུད་ཀྱི་མཐོ་སྒང་དགུ་ཚུགས་ཀྱི་སྐར་ཚོགས་པར་ལེན་དུ་ཡོང་བ་དང་། ར་རྔ་ཁ་དང་རྫ་ཁྲོད་སྒྲུབ་ཕུབ། གངས་དཀར་རི་བོ་སོགས་ཀྱི་མཛེས་ལྗོངས་ལ་ཧ་ཅང་དགའ་པོ་ཡོད། རེན་ཀང་གིས་འཕྲལ་མར་གྲོགས་པོ་དེར་ཁ་པར་བཏང་སྟེ་རང་ཉིད་ཀྱི་ད་ལྟའི་དཀའ་ངལ་དང་བསམ་ཚུལ་རྣམས་ཞིབ་མོ་བཤད། གྲོགས་པོ་དེས་རེན་ཀང་ལ་སེམས་གསོ་བྱེད་ཞོར་ཐབས་ཤེས་གང་མང་བསྩལ། དེ་མིན་གྲོང་སྡེའི་མཛེས་ལྗོངས་ཁ་ཤས་པར་བླངས་ནས་བསྐུར་དང་ཁོས་གྲོགས་པོའི་དྲྭ་རྒྱའི་ཐོག་ནས་ཁྱབ་གདལ་ངོ་སྤྲོད་བྱེད་རོགས་བྱེད་ཅེས་ཟེར།

ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་།། ཡུལ་མིའི་འཚོ་བ་ཉིན་བཞིན་ཇེ་ཡག་ཕྱིན།།

དེ་རྗེས་རེན་ཀང་གིས་ནམ་ལ་དུས་ཚོད་ཡོད་ན་འཕྲུལ་རྟར་བཞོན་ནས་རང་ཉིད་ཀྱི་ཡུལ་སྐོར་ལམ་བུའི་ཐོག་བསྐྱོད་དེ་གངས་དཀར་རི་བོའི་མཛེས་ཤོས་ཀྱི་ས་ཆར་འཚོལ་ཞིབ་བྱས་ནས་གྲོང་སྡེའི་ལས་སྟེགས་ཡག་ཤོས་དེ་པར་ལེན་བྱས་ཏེ་ཡུལ་སྐོར་ཡོང་མཁན་གྱི་ཡུལ་སྐོར་བར“སྔོན་འགྲོའི་ས་ཚུགས”ཤིག་བསྐྲུན་པ་རེད།

གང་ལགས་ཤེ་ན། རྒྱུན་དུ་མཛེས་ལྗོངས་ཁག་གཅིག་པར་ལེན་བྱས་ནས་གྲོགས་ཚོམས་སུ་བསྐུར་གྱི་ཡོད་པས་ཚང་མས་ཁོ་ལ“ཧྲུའུ་ཅི་མེ་ཏོག་ལགས”ཞེས་མིང་བཏགས་ཀྱི་ཡོད། མེ་ཏོག་ཁྲ་ལམ་མེར་བཞད་དེ་ལྟ་བས་ཆོག་མི་ཤེས་པ་ཞིག་ཏུ་འགྱུར་སྐབས་རེན་ཀང་གིས་རྫོང་འཕྲིན་སྦྱོར་ལྟེ་གནས་གདན་དྲངས་ནས་གྲོང་སྡེ་དྲིལ་བསྒྲགས་པར་གཞི་ཕབ་སྐྲུན་བྱས་པ་དང་ཐབས་ལམ་སྣ་ཚོགས་བརྒྱུད་དེ་ཁྱབ་བསྒྲགས་བྱས་པར་འབད་བརྩོན་བྱས་ཏེ་མཛེས་སྡུག་ལྡན་པའི་མཛེས་ལྗོངས་དེ་མི་རྣམས་ཀྱི་མིག་གི་ལོངས་སྤྱོད་དང་རྣ་བའི་བདུད་རྩི་རུ་འགྱུར་བའི་རེ་བ་བྱེད་ཀྱི་ཡོད།

ཝེ། ཧྲུའུ་ཅི་རེན་ཀང་ལགས། ཁྱེད་ཀྱིས་བཏང་བའི་པར་དང་བརྙན་དག་མཐོང་སྐབས་ཡིད་དབང་གཅིག་ཅར་དུ་འཕྲོག་སོང་། ང་ཚོར་སྒེར་འཁོར་བཏང་ནས་ཡུལ་སྐོར་ཡོང་མཁན་རླངས་འཁོར་རུ་ཁག་གཅིག་ཡོད། རླངས་འཁོར་བདུན་དང་མི30ལྷག་གིས་ཁྱེད་ཚོ་སྤྲིན་འདབས་གྲོང་སྡེར་ལྟ་བར་ཡོང་གི་ཡོད”ཅེས་བཤད།

ངོ་མ་ཡིན་ནམ། ངོ་མ་ཡིན་ནམ། ནམ་ཡོང་རྒྱུ་ཡིན། གློ་བུར་དུ་ཁ་པར་དེ་འབྱོར་བས་ཧ་ཅང་དགའ་ཆེས་ནས་ཅི་བཤད་འདི་བཤད་མེད་པར་གྱུར་། ཅུང་ཙམ་ཞིག་ནས་དགའ་ཞོར་སེམས་ཁྲལ་ཞིག་ཀྱང་ངང་ངམ་ཤུགས་སུ་སྐྱེད། “དེ་སྔོན་མི་རྣམས་ཡུལ་སྐོར་ཡོང་རྒྱུའི་རེ་བ་ཡོད་ཅིང་། མི་གཞན་ལ་འདི་གའི་མཛེས་སྡུག་ངོ་སྤྲོད་དང་ཁྱབ་གདལ་བཏང་བ་ལས་ཡུལ་སྐོར་བ་ཡོང་རྗེས་ཁ་ལག་ཟ་རྒྱུ་དང་བསྡད་ས་སོགས་ཀྱི་གནད་དོན་ཐད་བསམ་བློ་ཡག་པོ་ཞིག་བཏང་མ་མྱོང་པས་གྲོང་མིར་ཡུལ་སྐོར་སྣེ་ལེན་གྱི་ལས་དོན་ཡག་པོ་ཅི་འདྲ་བསྒྲུབ་རྒྱུ་དང་ཟ་རྒྱུ། འཐུང་རྒྱུ། ཉལ་ས་སོགས་ཡག་པོ་བྱ་དགོས་པའི་བཀོད་སྒྲིག་དང་སྐུལ་སློང་ཡང་དག་པར་བྱས།

ཐབས་ཤེས་ནི་གང་ལྟར་ཡང་དཀའ་ངལ་ལས་མང་བས་རེན་ཀང་གིས་འཕྲལ་དུ་རྩིས་ཐོ་བཟོས་ནས་མིའི་མགོ་ཐོག་ཏུ་འཁྱོལ་བ་བྱས་ཏེ་གྲོང་སྡེའི་ན་གཞོན་ཕྱི་རོལ་དུ་གླ་པར་སྐྱོད་མཁན་རྣམས་སྐོང་སྡུད་བྱས་ནས་སྣེ་ལེན་ནང་ཞུགས་སུ་བཅུག། དུས་རྒྱུན་ཁོར་ཡུག་འཕྲོད་བསྟེན་ཡག་པོ་ཡོད་པ་དང་དམངས་སྲོལ་བབ་ཆགས་ཡག་པོ་ཡོད་པར་མ་ཟད་རྒྱ་སྐད་ཀྱང་ཤེས་པའི་ཁྱིམ་ཚང་གིས་མི་སེར་ལ་སྣེ་ལེན་བྱ་རྒྱུ་སྔོན་ལ་བཀོད་སྒྲིག་བྱས། ཉིན་འགའི་རིང་ལ་གྲ་སྒྲིག་ལེགས་པོ་བྱས་པར་བརྟེན། ཡུལ་སྐོར་བ་དང་ཁ་ཆད་བཞག་པའི་དུས་ཚོད་ཀྱང་ཐོན་པས་རླངས་འཁོར་བཏང་ནས་སྤྱི་ལེ60ཡི་ཕྱི་རོལ་དུ་སོང་ནས་མགྲོན་པོ་རྣམས་གྲོང་སྡེར་ཡོང་བར་བསུ་མ་བྱས།

དེ་ནི་སྤྲིན་འདབས་གྲོང་སྡེར་བསུས་པའི་སྐུ་མགྲོན་ཁག་དང་པོ་དེ་རེད། རེན་ཀང་ནི་གྲོང་མི་ཚོ་དང་འདྲ་བར་སེམས་འགུལ་ཚད་མེད་ཐེབས་ཤིང་། ཚང་མས་དགའ་བ་སྟོང་དང་སྤྲོ་བ་འབུམ་གྱིས་བསུ་མ་ཞུ་བ་དང་བོད་མིའི་གཤིས་རྒྱུད་བལ་ལས་འཇམ་པ་དང་ངང་རྒྱུད་ཆུ་ལས་རིང་བ། བརྩེ་བ་མཚོ་ལས་ཟབ་པ། བྲོ་འཁྲབ་གླུ་ལེན་ལ་དགའ་བ་དང་། བབ་ཆགས་ལ་ཟོལ་མེད་ཀྱིས་སྣེ་ལེན་བྱས།

ཡུལ་སྐོར་བ་དང་པོ་དེ་སྡེའི་་ནང་ཉིན་ཁ་ཤས་སྡོད་རིང་ཡུལ་སྐོར་བ་རྣམས་ཀྱི་བློ་ཡིད་ཚིམས་ནས་ངོ་ནས་སོ་ཕྲེང་དཀར་པོ་ཕྱི་རུ་ཕྱུངས་ཤིང་། མཐེ་བོང་གནམ་ལ་བཏེགས་ཏེ་གཅིག་རྗེས་གཉིས་མཐུད་ངང་རང་རང་གི་སེམས་ཚོར་དང་པར། བརྙན་སོགས་གྲོགས་ཚོམས་སུ་བཞག་ཅིང་། དུས་ཡུན་རིང་པོ་མ་སོང་བར་དྲིལ་བསྒྲགས་ཀྱི་ཕན་འབྲས་ཐོན་ནས་མི་མང་པོ་ཞིག་གིས“མེ་ཏོག་གི་གསང་ཡུལ་སྤྲིན་འདབས་ཞེས་པ་དེ་གང་ན་རེད། ཅི་འདྲ་འགྲོ་དགོས་ནི་རེད། ཅེས་འདྲི་མཁན་གང་མང་ཡོད་པས་ཉིན་འདི་འགར་རེན་ཀང་གིས་ཁ་པར་ལ་ཉན་པ་དང་སྐད་འཕྲིན་བསྐུར་བ་སོགས་ལ་བྲེལ་བས་སྐབས་འགར་ཟ་མའང་ཟ་ཁོམ་མ་བྱུང་། གཟའ་མཇུག་དྲུག་ལ་བསྟུད་མར་གཟའ་འཁོར་རེར་སྒེར་འཁོར་བཏང་ནས་གྲོང་སྡེར་ཡུལ་སྐོར་བ་མང་པོ་འབྱོར། ཁོང་རང་ཉིད་ཀྱི་སྤྲོ་སེམས་དང་ལྷག་བསམ་ལ་བརྟེན་ནས་གྲོང་སྡེར་ཡུལ་སྐོར་ཡོང་མཁན་ཡུལ་སྐོར་བ་ཚང་མར་སེམས་འགུལ་ཆེན་པོ་ཐེབས་ཀྱི་ཡོད།

ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་།། ཡུལ་མིའི་འཚོ་བ་ཉིན་བཞིན་ཇེ་ཡག་ཕྱིན།།

འདུ་ཤེས་ལེགས་བསྒྱུར་བྱས།།ཕྱུག་འགྱུར་ལམ་བུ་བཏོད།།

ཡུལ་སྐོར་བ་མང་པོ་འོངས་ཏེ་སྤྲིན་འདབས་གྲོང་སྡེའི་་གྲོང་མིར་ཡུལ་སྐོར་འཕེལ་རྒྱས་ལས་བྱུང་བའི་དཔལ་འབྱོར་གྱི་ཕན་འབྲས་མྱོང་ཚོར་ཐུབ་པ་དང་། ཉིན་གཅིག་ལ་མ་མཐའ་ཡང་སྒོར1000དང་མང་དུས་ཉིན་གཅིག་ལ་སྒོར5000ཡོད་ལ། དབྱར་རྩྭ་དགུན་འབུ་དང་སྙི་བ། གངས་ལྷ་མེ་ཏོག་སོགས་ཁྱད་ཆོས་ཐོན་རྫས་ལ་ཡང་ཚོང་བྲིན་པ་རེད། གྲོང་མི་ཚོས་ཡུལ་སྐོར་སྣེ་ལེན་ནང་ཞུགས་རྒྱུའི་ཧུར་བརྩོན་རང་བཞིན་ཇེ་དྲག་ཏུ་ཕྱིན་ནས་རང་མོས་གྱིས་རེན་ཀང་བཙལ་ཏེ་རང་ཉིད་ཀྱི་ཁྱིམ་དུ་ཡུལ་སྐོར་བ་སྣེ་ལེན་བྱེད་པར་བཀོད་སྒྲིག་བྱས་ནས་ཡུལ་སྐོར་སྣེ་ལེན་ནང་དངུལ་མང་ཙམ་རག་རྒྱུའི་རེ་བ་བྱེད་ཀྱི་ཡོད།

བཅར་འདྲི་བྱེད་སྐབས་གྲོང་མི་དཔལ་ལྡན་གྱིས་བྱ་བ་གལ་ཆེན་ཞིག་རེན་ཀང་ལ་བཤད་རྒྱུ་ཡོད་པ་འདྲ་ཡང་བཤད་མི་ཐུབ་ཀྱི་མི་འདུག། རེན་ཀང་གི་སྐུལ་མ་འོག་དཔལ་ལྡན་གྱིས་ཧྲུའུ་ཅི་རེན་ཀང་ལགས། ད་ལོར་ཡུལ་སྐོར་བ་ཡོང་དུས་ང་ཚོའི་ཁྱིམ་ལའང་བཀོད་སྒྲིག་གནང་ན་ཨེ་ཆོག”ཅེས་བཤད། རེན་ཀང་གིས“ལོས་ཆོག་ལོས་ཆོག་ཀྱང་ཁྱིམ་ནང་ངེས་པར་དུ་བླང་བྱ་ལྟར་ཁོར་ཡུག་འཕྲོད་བསྟེན་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས”ཞེས་བཤད།

རེན་ཀང་གིས་དཔལ་ལྡན་གྱི་ཁྱིམ་ལ་མི6ཡོད་པ་དང་། ཕྲུ་གུ་ད་དུང་ཆུང་ཆུང་ཡིན་ལ། རྒན་རྒོན་གྱི་རྐང་པ་སྟབས་མི་བདེ་ཞིང་། དེ་སྔའི་ཡོང་འབབ་གཙོ་བོ་མར་ཕྱུར་འཚོང་བ་དང་དབྱར་རྩྭ་དགུན་འབུ་འཐུ་བར་བརྟེན་དགོས་ཀྱི་ཡོད་ལ་གྲོང་སྡེའི་ནང་གི་ཡིག་ཚགས་དང་བྱང་བུ་བཟོས་པའི་དུད་ཚང་དབུལ་པོ་ཞིག་རེད། རེན་ཀང་སྡེའི་་ནང་སླེབས་མ་ཐག་དཔལ་ལྡན་གྱིས་ད་དུང་རང་ཉིད་ལ་སྤྱི་ཕན་རང་བཞིན་གྱི་ལས་གནས་རེ་ཞུ་བྱེད་མྱོང་ཡོད།

མ་མཐའི་འཚོ་རྟེན་འགན་ལེན་དང་སྤྱི་ཕན་རང་བཞིན་གྱི་ལས་གནས་ནས་ད་ཆ་ཡུལ་སྐོར་བར་སྣེ་ལེན་བྱེད་འདོད་བྱེད་པའི་བར་ང་ཚོས་གྲོང་མི་ཚོའི་བསམ་བློའི་འདུ་ཤེས་ལ་འགྱུར་ལྡོག་ཕྱིན་པ་མྱོང་ཚོར་ཟབ་མོ་ཐུབ་ཀྱི་འདུག།

བཅར་འདྲི་མཇུག་འགྲིལ་རྗེས་གྲོང་སྡེ་ནས་ཁ་བྲལ་སྐབས་གྲོང་མི་དབང་ཕྱུག་ནང་མི་ཚོས་བྲེལ་བྲེལ་འཚུབ་འཚུབ་ངང་གསང་སྤྱོད་ཁང་ལས་པ་ལ་བྲེལ་བཞིན་འདུག། ན་ནིང་ཡུལ་སྐོར་སྣེ་ལེན་ཐད་ཕན་འབྲས་ཐོན་པས་ཡུལ་སྐོར་སྣེ་ལེན་ཞུ་བའི་ནུས་པ་སྔར་བས་ཆེ་བ་དང་ཞབས་ཞུའི་ཆུ་ཚད་སྔར་བས་ལེགས་སུ་ཕྱིན་ནས་འདི་ལོ་ཡུལ་སྐོར་བ་དེ་བས་མང་བར་སྣེ་ལེན་ཞུ་ཐུབ་རེ་བྱེད་ཀྱི་འདུག།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1