བདེ་སྡོད་ལས་བརྩོན་བྱས་ནས་བདེ་སྐྱིད་ཀྱི་མཛེས་རིས་གསར་པ་བྲིས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 10-20



དཔལ་ཡུལ་རྫོང་འབྲི་ཆུ་ཡུལ་ཤོག་གི་གནོད་སྐྱོན་རྗེས་ཀྱི་བསྐྱར་སྐྲུན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ།

བདེ་སྡོད་ལས་བརྩོན་བྱས་ནས་བདེ་སྐྱིད་ཀྱི་མཛེས་རིས་གསར་པ་བྲིས།
བཀྲ་སྒྲོན་གྱི་ཁང་པ་གསར་བ།

དཔལ་ཡུལ་རྫོང་འབྲི་ཆུ་ཡུལ་ཤོག་གྲོང་ཞིང་གྲོང་པའི་མི་རྒན་བཀྲ་སྒྲོན་ལགས་ཀྱིས་ལོ་ངོ་གསུམ་ཡར་སྔོན་དུ་རི་ཉིལ་ཆུ་བཀག་གི་གནོད་སྐྱོན་བྱུང་སྐབས་ཀྱི་རྣམ་པ་དྲན་གསོའི་མེ་ལོང་དུ་དྲངས་ནས“དུས་ཚོད་ནི་ཧ་ཅང་མགྱོགས་པས་འཁྱུག་ཙམ་གྱི་ལོ་གསུམ་ཕྱིན་སོང་། གལ་སྲིད་ཏང་ཨུ་དང་སྲིད་གཞུང་གིས་ང་ཚོར་ཐུགས་ཁུར་དང་རོགས་རམ་ཤུགས་ཆེན་བྱས་མེད་ཚེ་ང་ཚོའི་འཚོ་བ་ཇི་ལྟར་རོལ་དགོས་མིན་ཤེས་ཀྱི་མི་འདུག”ཅེས་ཚོར་སྣང་ཟབ་མོའི་སྐད་ཆ་འདི་བཤད།

2018ལོའི་སྤྱི་ཟླ10པའི་ཚེས11ཉིན་དཔལ་ཡུལ་རྫོང་དང་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་གཉིས་ཀྱི་འབྲེལ་མཚམས་སུ་རི་ཉིལ་འབྲི་ཆུ་བཀག་ནས་རིང་ཚད་སྨི1500ལ་ཆུ་འཁྱིལ་མཚེའུ་ཆགས་པར་བརྟེན། འབྲི་ཆུ་འབབ་རྒྱུད་ཀྱི་མི་དམངས་ཚོའི་རྒྱུ་ནོར་དང་ཚེ་སྲོག་ལ་ཉེན་ཁ་ཚབས་ཆེན་བཟོས་པ་རེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བླ་ན་མེད་པའི་མཐོང་ཆེན་གནང་འོག། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་།ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་མགོ་ཁྲིད་ཀྱི་ཐུགས་ཁུར་དང་རིམ་པ་ཁག་གི་རྒྱབ་བསྐྱོར་དང་རོགས་སྐྱོར་གནང་འོག་རི་ཉིལ་ཆུ་འཁྱིལ་མཚེའུ་བདེ་བླག་ངང་བཤང་ཐུབ་པ་རེད། སྤྱི་ཟླ11པའི་ཚེས3ཉིན། 10·11པད་དགེའི་རི་ཉིལ་ཆུ་བཀག་གི་གནོད་སྐྱོན་སླར་ཡང་བྱུང་བས་མཚེའུ་ཡི་ཆུ་ཁ་རྒྱུན་མཐུད་དུ་འཕར་བ་དང་སྦྲགས།དཔལ་ཡུལ་རྫོང་འབྲི་ཆུའི་ཡུལ་ཤོག་གི་བར་དཀྱིལ་དང་། ས་གཏིང་། དབུ་གྲོང་སོགས་གྲོང་སྡེ་ལྔ་ལ་ཆུ་ཕྱིར་རྒྱུག་པའི་གཙང་པོས“མཐའ་སྐོར”བྱས་པ་དང་། འབྲི་ཆུ་ཡུལ་ཤོག་སྲིད་གཞུང་གི་ལས་ཁུངས་དང་། འབྲི་ཆུའི་ཡུལ་ཤོག་སློབ་ཆུང་།འབྲི་ཆུ་ཡུལ་ཤོག་འཕྲོད་བསྟེན་ཁང་།སྡོད་ཁང་བཅས་སུ་ཆུ་འཛུལ་ནས་ཆུ་ཁའི་མཐོ་ཚད་ལི་སྨི40ཡན་ལ་ཟིན་ཡོད་པ་རེད།

“སྐབས་དེའི་དུས་ཆུ་འདི་འདྲ་མགྱོགས་པོ་འཕར་རྒྱུ་ཡེ་ནས་མ་དྲན། ཁྱིམ་གྱི་དངོས་པོ་གང་ཡང་འཁྱེར་ཁོམ་མ་བྱུང་བས།རང་ཁྱིམ་གྱི་ཁང་པ་མིག་གིས་བལྟས་བལྟས་ལ་གཙང་ཆུས་བསྣུབས་སོང་། ཚེ་གང་གི་སེམས་ནུས་ཚང་མ་ཁྱིམ་གཞིས་དེར་ཡོད་པས་འཚོ་བ་རོལ་བར་རེ་སྒུག་གང་ཡང་མེད་པར་གྱུར་པར་མ་ཟད། ཉིན་དེར་སྡོད་སའི་གནས་གཏན་འཁེལ་ཞིག་ཀྱང་མེད་པར་གྱུར་སོང་། སྟབས་ལེགས་པ་ཞིག་ལ་ཏང་དང་རྒྱལ་ཁབ་ཀྱིས་ང་ཚོར་རྒུད་སྐྱོར་གུར་དང་འཚོ་བར་མཁོ་བའི་དངོས་ཟོག་དུས་ཐོག་ཏུ་སྤྲད་པ་དང་སྡོད་གནས་ཐག་གཅོད་བྱས་པས་གཞི་ནས་བློ་བདེ་རུ་ཕྱིན་སོང” ཞེས་བཀྲ་སྒྲོན་གྱིས་མིག་ཆུ་འདོན་བཞིན་རང་ཁྱིམ་ཆུས་བསྣུབས་པའི་གནས་ཚུལ་ཕྱིར་དྲན་བྱེད་བཞིན་དུ་དེ་ལྟར་བཤད།

བདེ་སྡོད་ལས་བརྩོན་བྱས་ནས་བདེ་སྐྱིད་ཀྱི་མཛེས་རིས་གསར་པ་བྲིས།
གསར་དུ་བསྐྲུན་རྗེས་ཀྱི་ཡུལ་ཤོག་དང་གྲོང་རྡལ་གྱི་ཁྲོམ་ལམ།

ད་ལྟའི་འཚོ་བའི་སྐོར་གླེང་སྐབས། མི་རྒན་བཀྲ་སྒྲོན་གྱིས་གདོང་ལ་མིག་ཆུ་མེད་པར་འཛུམ་ཀྱིས་ཁེངས་ལ། “རི་ཉིལ་ཆུ་བཀག་གི་གནོད་སྐྱོན་བསལ་རྗེས་ཏང་ཨུ་དང་སྲིད་གཞུང་གིས་ང་ཚོ་ཐོན་སྐྱེད་བྱས་ནས་རང་སྐྱོབ་བྱ་རྒྱུའི་སྒྲིག་འཛུགས་ཧུར་ཐག་བྱས་ནས་ང་ཚོའི་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་པར་རོགས་རམ་བྱས་པར་མ་ཟད། ང་ཚོའི་དེ་སྔའི་སྡོད་གནས་ཆུས་བསྣུབས་ནས་ཉེན་ཁའི་མངོན་མེད་རྐྱེན་ངན་ཡོད་པར་བསམ་གཞིག་བྱས་ཏེ་ཆེད་ལས་པ་བཙལ་ནས་ང་ཚོར་ཁང་པ་བསྐྱར་སྐྲུན་བྱེད་རོགས་བྱས་ཡོད། ད་ཆ་ཆུ་དང་གློག་སྤྱོད་རྒྱུ་དེ་སྔོན་དང་འདྲ་བར་སྟབས་བདེ་བ་དང་གཞུང་ལམ་ཡང་རྒྱ་ཆེ་ལ་སྟབས་བདེ་བ་ཡོད་པས་ང་ཚོའི་གྲོང་སྡེར་ཆུ་ལོག་མ་བྱུང་གོང་ལས་ཡག་པོ་ཡོད་པའི་ཚོར་སྣང་ཡོང་གི་འདུག”ཅེས་མི་རྒན་བཀྲ་སྒྲོན་གྱིས་སྨྱུག་འཛིན་པར་སྐད་ཆ་བཤད་བཞིན་པའི་སྐབས་སུ་བུ་མོ་ཚེ་རིང་དབང་མོ་རང་ཁྱིམ་གྱི་ཚོང་ཁང་ཆུང་ཆུང་ནས་ཉིན་དགུང་གི་ཁ་ལག་ཟ་བར་སླེབས།

འབྲི་ཆུ་ཡུལ་ཤོག་དུ་གནོད་སྐྱོན་མ་བྱུང་གོང་ཚེ་རིང་དབང་མོ་ཡིས་ཞིང་ལས་དང་ཚོད་མ་བཙོང་ནས་འཚོ་བ་རོལ་གི་ཡོད། རི་ཉིལ་ཆུ་བཀགས་ཀྱིས་ས་ཞིང་མང་ཆེ་བ་ཆུས་བསྣུབས། ཆུ་ལོག་བཤངས་རྗེས་ཁྱིམ་གྱི་ཞིང་ནང་དུ་མུ་མཐུད་ཞིང་ལས་སྐྱེ་དངོས་འདེབས་ཐབས་བྲལ་བར་གྱུར་པ་དང་འདེབས་ཐུབ་ནའང་ཞིང་ནང་གི་ཐོན་ཚད་ཀྱང་སྔོན་མ་ལས་ཇེ་སྡུག་ཏུ་གྱུར་འདུག། ས་གནས་དེ་གའི་ཏང་ཨུ་དང་སྲིད་གཞུང་གི་རོགས་རམ་འོག་ཚེ་རིང་དབང་མོ་ཡིས་རང་གི་ཁང་ཁྱིམ་གསར་དུ་བསྐྲུན་པ་དང་ཁང་བརྩེགས་དང་པོར་ཚོང་ཁང་ཆུང་ཆུང་ཞིག་བཙུགས་པ་དང་གཙོ་བོ་ཟོང་མང་ཞོར་ཟས་དང་ཚལ་ཞིང་བཏབ་པའི་སྔོ་ཚལ་བཙོང་། ཚེ་རིང་ལྷ་མོས་སྨྱུག་འཛིན་པར་བཤད་དོན། དེ་སྔ་སྔོ་ཚལ་དག་རྫོང་གྲོང་ཁྲོམ་རར་བསྐྱལ་ནས་འཚོང་གི་ཡོད་པས་དུས་ཚོད་རིང་པོ་འགོར་ལ་དཀའ་ལས་རྒྱག་ནའང་ཡོང་འབབ་ཡག་པོ་མི་འདུག། ད་ཆ་རང་ཁྱིམ་དུ་ཚོང་ཁང་ཆུང་ཆུང་ཡོད་པས་དཔལ་འབྱོར་གྱི་ཡོང་འབབ་སྔོན་ལས་མང་དུ་ཕྱིན་ཡོད།རང་ཁྱིམ་གྱིས་བཏབ་པའི་སྔོ་ཚལ་དེ་དག་ཚོང་ཁང་ཆུང་ཆུང་ནས་འཚོང་གི་ཡོད་པས་སྟབས་བདེ་ལ་ཡོང་འབབ་ཡང་ཡག་པོ་འདུག། ཁང་པ་ཆུས་བསྣུབས་རྗེས་ཀྱི་འཚོ་བར་རེ་བ་གང་ཡང་མེད་པར་འདོད་མོད། ད་ཆ་སླད་ཕྱིན་གྱི་འཚོ་བར་རེ་སྒུག་ཆེན་པོ་འདུག།

བདེ་སྡོད་ལས་བརྩོན་བྱས་ནས་བདེ་སྐྱིད་ཀྱི་མཛེས་རིས་གསར་པ་བྲིས།
ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་གླེང་སྐབས་ཚེ་རིང་དབང་མོའི་ངོ་གདོང་ལ་འཛུམ་གྱིས་ཁེངས་པ།

“མིག་སྔར་ང་ཚོ་འབྲི་ཆུ་ཡུལ་ཤོག་གིས་ཞིང་དུད55ཡི་སྡོད་ཁང་གསར་སྐྲུན་དང་ཉམས་གསོ་བརྟན་གཏོང་གི་ལས་དོན་ལེགས་སྒྲུབ་བྱས་པ་དང་། འབྲི་ཆུ་ཡུལ་ཤོག་འཕྲོད་བསྟེན་ཁང་དང་འབྲི་ཆུ་ཡུལ་ཤོག་ལྟེ་བའི་སློབ་ཆུང་དང་ཡུལ་ཤོག་སྲིད་གཞུང་གི་སྡོད་ཁང་འཛུགས་སྐྲུན་ལེགས་འགྲུབ་བྱུང་བའི་དུས་མཚུངས་སུ་ཉེན་མེད་ཀྱི་བཏུང་ཆུ་དང་ལམ་བུར་གཏོར་སྐྱོན་ཕོག་པ།བཙོག་ཆུ་ཕྱིར་འབུད་དང་དེ་བཞིན་གློག་མཁོ་འདོན་སྒྲིག་ཆས་ཁྱོན་ཡོངས་ནས་སླར་གསོ་ཐུབ་པ་མར་ཟད་གནོད་སྐྱོན་སྔོན་གྱི་ཆུ་ཚད་ལས་བརྒལ་ཡོད་པ་རེད། རི་ཉིལ་ཆུ་བཀགས་གནོད་སྐྱོན་གྱིས་ང་ཚོའི་འབྲི་ཆུའི་ཡུལ་ཤོག་ལ་དཔལ་འབྱོར་གྱོང་གུན་ཆེན་པོ་བཟོས་ཡོད་མོད། འོན་ཀྱང་ང་ཚོའི་ཡུལ་ཤོག་གིས་གནོད་སྐྱོན་འགོག་བཅོས་ནུས་པ་ཆེ་རུ་ཆེན་པོ་ཕྱིན་ཡོད། ད་ཆ་ཡུལ་ཤོག་ཡོངས་ཀྱི་ས་གཤིས་གནོད་སྐྱོན་གྱི་མི་མངོན་པའི་རྐྱེན་ངན་ཐོན་ཡུལ་གསུམ་བཅོས་སྒྲིག་ནུས་ལྡན་ཐུབ་པར་མ་ཟད། ད་དུང་བརྙན་མིག་སོགས་སྒྲིག་ཆས་སྒྲིག་སྦྱོར་བྱས་པས་འབྲི་ཆུ་ཡུལ་ཤོག་གི་མི་སེར་ཚོའི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་ཕྱོགས་ཡོངས་ནས་འགན་ལེན་ཐུབ་ཡོད”ཅེས་ཡུལ་དཔོན་ཚེ་རིང་ལྷ་མོས་དེ་ལྟར་ངོ་སྤྲོད་བྱས་པ་རེད།

ད་ལོར་ལས་ཞུགས་བྱས་མ་ཐག་པའི་འབྲི་ཆུ་ཡུལ་ཤོག་གི་ལས་བྱེད་པ་ཙེ་ཞུའེ་ལེན་གྱིས་སྨྱུག་འཛིན་པར“དང་ཐོག་འདིར་ཡོང་སྐབས་སེམས་པ་ཧ་ཅང་སྐྱིད་པོ་མི་འདུག གང་རེད་ཟེར་ན་སྔོན་ཆད10·11པད་དགེའི་རི་ཉིལ་ཆུ་བཀག་གི་གནོད་སྐྱོན་འབྱུང་སྐབས་འབྲི་ཆུ་ཡུལ་ཤོག་གི་ལས་ཀའི་ཁོར་ཡུག་ལ་སེམས་ཁྲལ་གྱིས་ཁེངས་འདུག། བསམ་ཡུལ་ལས་འདས་པར་འབྲི་ཆུ་ཡུལ་ཤོག་ཏུ་སླེབས་རྗེས་གསར་དུ་བསྐྲུན་པའི་ཡུལ་ཤོག་སྲིད་གཞུང་གི་གཞུང་དོན་སྒྲུབ་སའི་ཁོར་ཡུག་ཧ་ཅང་ཡག་པོ་ཡོད་པར་མ་ཟད། ད་དུང་ང་ཚོར་ལས་བཟོའི་ལས་ཤག་ཆ་ཚང་ཞིག་ཀྱང་སྤྲད་བྱུང་། ལས་ཤག་ཆེན་པོ་དེ་ཙམ་མེད་ཀྱང་འཚོ་བའི་སྒྲིག་ཆས་ཆ་ཚང་པོ་འདུག ད་ཆ་ངས་སླད་ཕྱིན་གྱི་ལས་ཀ་དང་འཚོ་བར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད”ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། རི་ཉིལ་ཆུ་བཀག་གི་གནོད་སྐྱོན་བསལ་རྗེས།དཔལ་ཡུལ་རྫོང་གིས་གནོད་འཚེ་ཕོག་རྗེས་ཀྱི་བསྐྱར་སྐྲུན་ཇུས་གཞི་བཟོ་འགོད་བྱེད་མགོ་བརྩམས་ཤིང་། “ལོ་གཅིག་ལ་ཁྱོན་ཡོངས་ནས་ལག་བསྟར་བྱེད་མགོ་བརྩམས་པ་དང་། ལོ་གཉིས་ལ་གཞི་རྩའི་ཐོག་ལེགས་གྲུབ་བྱུང་བའི”དམིགས་འབེན་ལྟར། འཕྲལ་མར་གནོད་སྐྱོན་རྗེས་ཀྱི་བསྐྱར་སྐྲུན་མགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་ཆབས་ཅིག་ལས་གཞི་གཅིག་དང་། ཇུས་གཞི་གཅིག ཆེད་ལས་འཛིན་གྲྭ་གཅིག དམ་འཛིན་མཐར་ཕྱིན་གཅིག་བཅས་ཀྱི“གཅིག་ཅན་བཞིའི”ལས་ཀའི་ལམ་སྲོལ་བཙུགས་ནས་གྲལ་བཤེར་དུས་རིམ་དང་། ལས་དུས་ལྡོག་སྒྲིག་བཅས་བྱས་ཏེ་མ་དངུལ་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་ལས་གཞི་རྗེས་ཀྱི་རྩིས་བཤེར་ལ་ཤུགས་སྣོན་བརྒྱབ་ནས་གནོད་སྐྱོན་བསྐྱར་སྐྲུན་གྱི་ལས་དོན་ཁག་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ཡོད་པ་རེད།

རིམ་པ་ཁག་དང་སྡེ་ཚན་ཁག་གིས་རྒྱབ་སྐྱོར་འོག་ཏུ། དཔལ་ཡུལ་རྫོང་གིས་མ་དངུལ་སྒོར་དུང་ཕྱུར3.8བཏང་ནས་གནོད་སྐྱོན་རྗེས་ཀྱི་བསྐྱར་སྐྲུན་ལས་གཞི39ལེགས་སུ་གྲུབ་པ་རེད། དེའི་ནང་སྒོར་དུང་ཕྱུར1.06བཏང་ནས་གྲོང་གསེབ་ཀྱི་སྡོད་ཁང129གསར་སྐྲུན་དང་ཉམས་གསོ་བརྟན་གཏོང་བྱས། སྒ་རྗེ་ཡུག་འབྲེལ་སོགས་སུ་གཅིག་སྡུད་བཀོད་སྒྲིག་ས་ཚུགས3བསྐྲུན་པ་དང་འབྲེལ་བཀོད་སྒྲིག་བྱ་ཡུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ས་གནས་ལ་གཞིགས་ནས་རྨང་གཞིའི་སྒྲིག་བཀོད་ལེ་ལག་ཚང་བའི་འཛུགས་སྐྲུན་ཇུས་གཞི་བཟོས་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་དང་གྲོང་སྡེ་ཕྱོགས་བསྡུས་བཅོས་སྒྲིག་དང་འབྲེལ་མཐུད་ནུས་ལྡན་བྱས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་སྔར་བས་ཇེ་ལེགས་སུ་བཏང་། མ་དངུལ་སྒོར་ཁྲི3560བཏང་ནས་འབྲི་ཆུ་ཡུལ་ཤོག་ལྟེ་བའི་སློབ་ཆུང་དང་འཕྲོད་བསྟེན་ཁང་སོགས་སྡེ་ཚན14ཡི་ལས་སྒོའི་སྡོད་ཁང་བསྐྱར་སྐྲུན་ཁྱོན་ཡོངས་ནས་ལེགས་སུ་གྲུབ་པ་དང་སློབ་གྲྭའི་སློབ་ཁྲིད་ཐོག་ཁང་དང་།ཉལ་ཁང་།གཞུང་ལས་ཁང་།ཟ་ཁང་སོགས་ཞོར་གཏོགས་སྒྲིག་བཀོད་བསྐྱར་སྐྲུན་གཙོ་གནད་ཐོག་ལེགས་སུ་གྲུབ་ཡོད། མ་དངུལ་སྒོར་དུང་ཕྱུར1.58བཏང་ནས་གཏོར་སྐྱོན་ཕོག་པའི་འཕྲིན་གཏོང་སྐུད་ལམ་སྤྱི་ལེ84.67སླར་གསོ་བྱས་པ་དང་།མ་ལམ་དང་དེ་བཞིན་རྫོང་དང་ཡུལ་ཤོག་གི་གཞུང་ལམ་སྤྱི་ལེ65.6སླར་གསོ་བྱས་པ་དང་ཟམ་པ11གསར་སྐྲུན་དང་བཅོས་སྒྲིག་བྱས། ཡུལ་ཤོག་དང་གྲོང་སྡེ5ཡི་འཐུང་ཆུའི་ཉེན་མེད་ལས་གྲྭ་སླར་གསོ་བྱས་པ་དང་། སྤྱི་ལེ194.23གྱི་འཐུང་ཆུའི་སྦུབས་ལམ་སྒྲིག་སྦྱོར་བྱས་ནས་མི3467ཡི་འཐུང་ཆུའི་གནད་དོན་ཐག་གཅོད་བྱས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གཏོར་སྐྱོན་ཐེབས་པའི་འགྲོ་ལམ་དང་།ཆུ་འབུད།བཙོག་ཆུ་གཙང་སེལ།གློག་འདོན།འཕྲིན་གཏོང་སོགས་གྲོང་ཁྱེར་གྱི་སྒྲིག་བཀོད་ཚང་མ་སླར་གསོ་བྱས་པར་མ་ཟད་གནོད་འཚེ་མ་ཕོག་གོང་གི་ཆུ་ཚད་ལས་བརྒལ་ཡོད། མ་དངུལ་སྒོར་ཁྲི8040བཏང་ནས་ཡུལ་ཤོག་དང་གྲོང་སྡེ4ཡི་བརྟན་པོ་མེད་པའི་གསེག་ངོས་དང་།འདམ་རྡོའི་ཆུ་རུད།རི་ཉིལ་བའི་ས་གནས་ཁག8བཅོས་སྒྲིག་པར་མ་ཟད། ད་དུང་བརྙན་མིག་དང་ལག་ཁྱེརGPSསོགས་འཕྲལ་སྡོམ་ལྟ་ཞིབ་ཚད་ལེན་སྒྲིག་ཆས་བཀོད་སྒྲིག་བྱས་ནས་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་ཉེན་བརྡ་གཏོང་བ། གྲོས་མོལ་བཀོད་འདོམས་མ་ལག་སོགས་སྔར་ལས་འཐུས་ཚང་དུ་བཏང་བ་དང་། ས་གཤིས་ཀྱི་གནོད་འཚེ་འགོག་བཅོས་ནུས་པ་ཆེ་རུ་ཕྱིན་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་རྒྱུ་ནོར་དང་གྱི་ཚེ་སྲོག་ཉེན་ཁ་མེད་པར་འགན་ལེན་ནུས་ལྡན་ཐུབ་ཡོད་པ་རེད།

རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར། དེ་བཞིན་འབྲི་ཆུ་ཡུལ་ཤོག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་དཔལ་ཡུལ་རྫོང་གི་གནོད་སྐྱོན་རྗེས་ཀྱི་བསྐྱར་སྐྲུན་གྱི་ལས་དོན་ཁག་ཚང་མ་ལེགས་འགྲུབ་བྱུང་ཡོད་ལ། ད་ཆའི་འབྲི་ཆུ་ཡུལ་ཤོག་གི་མི་སེར་བདེ་སྡོད་ལས་བརྩོན་དང་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་བདེ་སྐྱིད་ཀྱི་མཛེས་རིས་གསར་པ་རིམ་བཞིན་དུ་འབྲི་བཞིན་ཡོད། ཕྱིན་ཆད་དཔལ་ཡུལ་རྫོང་གིས“རི་ཀླུང་མཐའ་ནས་བསྐོར།ལྟེ་བ་གཅིག་ཡུག་འབྲེལ་གཉིས”ཀྱི་འཆར་འགོད་བཀོད་སྒྲིག་ལ་དམིགས་ནས། “འབྲི་ཆུ་ཡུལ་ཤོག་བར་དཀྱིལ་གྲོང་སྡེར་གནོད་སྐྱོན་བྱུང་རྗེས་སླར་གསོ་བསྐྱར་སྐྲུན་བྱེད་པའི་གྲོང་གསེབ་དར་རྒྱས་གཏོང་བའི་དཔེ་སྟོན་ས་ཚུགས་དང་འབྲི་ཆུ་ཡུལ་ཤོག་སྲིད་གཞུང་བཅའ་སྡོད་བྱ་ཡུལ་དང་དེ་བཞིན་མཐའ་འཁོར་གྱི‘འབྲི་ཆུའི་འགྲམ་གྱི་མུ་ཏིག·ཁྲོན་བོད་འབྲེལ་མཚམས་ཀྱི་ཡུལ་སྐོར་གྲོང་རྡལ་ཆུང་ངུ’གཏོད་པའི”སྤྱིའི་དམིགས་ཡུལ་ལ་གཞིགས་ནས། སྤྱི་ཐུན་མོང་གི་ལྗང་མདོག་སོགས་ཆ་འགྲིག་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་མ་ཟད།ཐོན་ལས་ལས་གཞི་ཁག་ཅིག་འཆར་འགོད་ལག་བསྟར་ཧུར་ཐག་བྱས་ཏེ།གནོད་སྐྱོན་ཕོག་པའི་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ཏན་ཏིག་བྱ་རྒྱུ་དང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་ཡུལ་སྡེ་དར་རྒྱས་ནུས་ལྡན་སྒོས་འབྲེལ་མཐུད་ཡོང་བར་བྱ་རྒྱུ་ཡིན་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1