རྒྱ་སྐད་ཀྱི་མིང་བརྡ་གསར་པ་བོད་སྐད་དུ་བསྒྱུར་ཚུལ་ལ་དཔྱད་པ།

སངས་རྒྱས་དོན་གྲུབ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-23


དང་པོ། མིང་བརྡ་གསར་པའི་གོ་དོན་དང་བྱུང་འཕེལ།
མིང་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་ཆེས་མངོན་གསལ་གྱི་མཚོན་ཚུལ་ནི་མིང་བརྡ་གསར་པའི་ཁ་སྣོན་ཡིན་ཏེ། མིང་བརྡ་གསར་བ་ཞེས་པ་ནི་སྐད་ཆ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་གསར་དུ་བྱུང་བ་སྟེ་སྔོན་གྱི་མིང་ཚོགས་མ་ལག་ཏུ་མེད་པའི་མིང་བརྡ་ལ་ཟེར་ཞིང་མིང་བརྡ་གསར་པའི་གསར་ཞེས་པ་ནི་ལྟོས་བཅས་ཀྱི་དུས་ཚོད་གོ་དོན་ཞིག་ཡིན། མིང་ཚོགས་མ་ལག་རྒྱུན་མི་ཆད་པར་འཕོ་འགྱུར་འབྱུང་བཞིན་ཡོད་ལ། མིང་གང་ལའང་མེད་པ་ནས་ཡོད་པའི་བརྒྱུད་རིམ་ཞིག་བདོག་སྲིད། འདིའི་སྟེང་ནས་མིང་བརྡ་སོ་སོ་ནི་སྔར་ལས་མིང་བརྡ་གསར་པ་ཡིན་པ་མཚོན་ཐུབ་པས། ང་ཚོས་དེང་རབས་རྒྱ་ཡིག་མིང་མཛོད་དུ་བསོགས་པའི་མིང་བརྡ་གསར་པར་ཞིབ་འཇུག་བྱེད་སྐབས། ཐོག་མར་དུས་ཀྱི་ཁྱབ་ཁོངས་ལ་དབྱེ་བ་འབྱེད་དགོས། འོན་ཀྱང་ད་ལྟའི་རིག་གཞུང་སྟེགས་བུའི་སྟེང་དུ་ལྟ་ཚུལ་གཅིག་གྱུར་ཅན་ཞིག་ཆགས་མེད་པས། རིག་གནས་པ་མང་ཆེ་ཤོས་ཤིག་གིས་དུས་རབས་ཉི་ཤུ་བའི་ལོ་རབས་བདུན་བཅུ་བའི་མཇུག་(བཅོས་བསྒྱུར་སྒོ་འབྱེད)དེར་མིང་བརྡ་གསར་པའི་འགོ་བརྩམས་སར་ངོས་བཟུང་ཡོད་ལ། མིང་བརྡ་གསར་བར་དུས་བཀག་གི་རང་བཞིན་ཡོད་པའི་མི་ཚད། བཀོལ་སྤྱོད་ཀྱི་ཐད་ལའང་ངེས་གཏན་གྱི་རང་བཞིན་ཡོད། གལ་ཏེ་ལོ་རབས་བདུན་བཅུ་བའི་མཇུག་གི་ཚུན་ནས་བྱུང་བའི་མིང་བརྡ་ཚང་མ་མིང་བརྡ་གསར་པར་ཐེ་ན། མིང་བརྡ་གསར་པའི་དཔུང་ཁག་མུན་འཐོམས་ཀྱིས་རྒྱ་ཆེར་བསྐྱེད་སྲིད། དེའི་ཕྱིར་མི་རྣམས་ཀྱིས་གསར་བྱུང་གི་མིང་བརྡ་དག་གི་གོ་དོན་བཀོལ་སྤྱོད་བྱེད་པ་བརྒྱུད་གཏན་འབེབ་དགོས་པ་དང་དམངས་ཡོངས་ཀྱིས་ཁས་བླངས་རྗེས། ད་གཟོད་མིང་བརྡ་གསར་པ་དེ་དེང་རབས་རྒྱ་ཡིག་གི་མིང་ཚོགས་མ་ལག་ཏུ་བགྲང་ན་འོས་ཤིང་ངེས་དོན་ཡིན་པར་སྙམ། འོན་ཀྱང་མིང་བརྡ་གསར་པ་གང་འདྲ་ཞིག་བསྒྱུར་དགོས་ན་རྩ་དོན་ལ་བསྟུན་དགོས་པས། དེའི་རྩ་དོན་ནི་འདི་ལྟ་སྟེ།

(1)སྐད་བརྡའི་ལུགས་དང་མཐུན་པ། དེའང་ང་ཚོས་རྒྱུན་དུ་གླེང་བའི་བྱཱ་ཀ་ར་ནའི་སྒྲའི་ལུགས་དང་མཐུན་དགོས། མིང་བརྡ་གསར་པ་གང་འདྲ་ཞིག་བཟོས་རུང་ཚང་མ་བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་ལས་བསྟན་པའི་མིང་དང་ཚིག་གི་གྲུབ་སྟངས་དང་མཐུན་པ་ཞིག་ངེས་པར་དགོས་པ་དེ་ཡིན། དཔེར་ན་བོད་ལ་ཆོས་ཅན་བརྗོད་པ་སྔོན་དང་ཆོས་བརྗོད་པ་མཇུག་ཏུ་འཇོག་སྲོལ་ཡོད་པ། དཔེར་ན། མེ་ཏོག་དམར་པོ། གངས་རི་དཀར་པོ་སོགས་ལྟ་བུ་དང་རྒྱ་སྐད་ནི་དེ་ལས་ལྡོག་པའོ། །

(2)བསྟན་དོན་མ་འཕྱུག་པ། དེ་ནི་མིང་བརྡ་དེས་མཚན་ཉིད་ལས་གསལ་བའི་དོན་སྤྱིའི་ཁྱད་ཆོས་རྣམས་མཚོན་ཐུབ་པ་བྱེད་དགོས་ཞེས་པའི་དོན་ཏེ། མིང་བརྡ་དེའི་མ་ཡིག་གི་བརྗོད་བྱ་མ་ནོར་མ་འཁྲུག་པ་བཟོ་དགོས་པ་དང་། རྗོད་བྱེད་ཚིག་གི་གྲུབ་ཚུལ་ཡང་ཡང་དག་པ་ཞིག་དགོས། དཔེར་ན་གློག་སྐུད་ཅེས་གློག་འཁྲིད་ཐུབ་པའི་སྐུད་པ་ཞེས་དོན་སྤྱི་དང་མིང་བརྡ་ཐོད་གཏུག་ཆོག་པ་དེ་འདྲར་ཟེར་བ།

(3)མིང་བརྡ་གཞན་གྲུབ་པའི་ནུས་པ་དང་ལྡན་པ། དེ་ནི་མིང་བརྡ་ཅིག་སྒྱུར་བའམ་གསར་དུ་བཟོ་སྐབས་དོན་སྤྱི་བསྟན་ནུས་པའི་མིང་ཁ་ཤས་ཡོད་ན་དེ་དག་ལས་མིང་བརྡ་གསར་པ་གྲུབ་པའི་ནུས་པ་དང་ལྡན་པ་དེ་འདེམས་དགོས་ཞེས་པའི་དོན་ཡིན། དཔེར་ན་ལྷུན་པོ་དང་ས་འཛིན་དང་རི་གསུམ་དོན་གཅིག་ཀྱང་ཕྱི་མས་རི་ཀླུང་། རི་ལམ། རི་རྩེ། རི་མ་ཐང་སོགས་མིང་དུ་མ་སྒྲུབ་ཐུབ་ཀྱང་སྔ་མས་དེ་འདྲ་མི་ནུས་པ། གཞན་ཡང་གྲྭ་ཞེས་པའི་ཡིག་འབྲུ་དེར་ལས་གྲྭ །སློབ་གྲྭ །གྲྭ་བ། བཟོ་གྲྭ་སོགས་ཤིན་ཏུ་མང་པོ་བཟོ་ཐུབ་པ་ལྟ་བུའོ། རྫས་འགྱུར་དང་དངོས་ལུགས་སོགས་ལ་དེ་འདྲའི་རིགས་བསྒྲེ་དགོས་པ་ཤིན་ཏུ་མང་པོ་ཡོད།

(4)མིང་བརྡའི་བསྡུས་གསལ་རང་བཞིན། མིང་བརྡ་རིང་དྲགས་ན་བཀོལ་མི་བདེ་བས་ངེས་པར་སྟབས་སྡུད་དུ་གཏོང་དགོས་ཀྱང་། བོད་སྐད་ཀྱི་ཚིག་བསྡུའི་ཆོས་ཉིད་ལ་བསྟུན་དགོས་པ་ལས་གང་བྱུང་དུ་བསྡུ་མི་རུང་། རྒྱལ་སྤྱིའི་ཚད་ལྡན་ཅན་གྱི་རྩ་དོན་ནི་གསུམ་སྟེ། བསྟན་དོན་མ་ལོག་པ་བྱ་རྒྱུ་དང་། བརྗོད་བདེ་དང་གོ་བདེ་ཡོང་བ། བརྡ་ཆད་གཞན་གྱི་ཚིག་བསྡུ་དང་ཟློས་སྐྱོན་མི་ཡོང་བ་བཅས་ཡིན། བོད་ལ་སྔར་ནས་མིང་བརྡ་བསྡུ་ཐབས་དམིགས་བསལ་ཅན་མང་དུ་ཡོད་དེ། བསྟན་དར་ལྷ་རམས་པས། ཚེག་གི་བར་གྱི་རྣམ་དབྱེ་རྣམས་བསྡུས་ནས་མིང་སྔ་ཕྱི་ལྷན་ཅིག་ཏུ་སྦྱོར་བར་བྱེད་པ་ནི་ཚིག་སྡུད་ཀྱི་ངོ་བོ། དེ་ལ་དབྱེ་ན། ལས་འཛིན་གྱི་བསྡུ་བ། དེའི་སྐྱེས་བུའི་བསྡུ་བ། འབྲུ་མང་པོའི་བསྡུ་བ། ཟླས་དབྱེ་བའི་བསྡུ་བ། མི་ཟད་པའི་བསྡུ་བ་བཅས་ཡོད་དོ། །ཚིག་བསྡུ་སྟངས་དེ་དག་གིས་དེང་གི་མིང་བརྡ་གསར་བཟོའི་སྐབས་སུའང་སྤྱོད་སྒོ་རྒྱ་ཆེར་བཏང་བར་ཤེས།

གཉིས་པ། མིང་བརྡ་གསར་པ་བསྒྱུར་ནས་མི་རིགས་ཀྱི་

སྐད་ཆ་སྔར་ལས་རྣལ་མར་གཏོང་བ།

སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་སྟབས་སྔར་ལས་མགྱོགས་ཤིང་ཆ་འཕྲིན་སྤྱི་ཚོགས་ཀྱི་ཁྱབ་བསྒྲགས་ཀྱིས་འཚོ་བའི་ནང་བྱུང་བའི་མིང་བརྡ་གསར་པའི་བཀོལ་སྤྱོད་ལྡབ་འགྱུར་གྱི་མང་དུ་སྤེལ་སྟབས། རྒྱ་ཆེ་བའི་མིང་བརྡ་གསར་པས་མི་རིགས་སོ་སོའི་འབྲེལ་འདྲིས་སྔར་ལས་ཀྱང་བདེ་བླག་འོང་བར་འཇུག་ཐུབ། ཡུལ་སྐད་ཀྱི་བྱུང་བ་ལ་ཡིག་སྐད་དུ་མིང་ཚོགས་མང་པོ་བྱུང་ལ། ལྷག་པར་དུ་མིང་བརྡ་གསར་པ་མང་པོ་བརྩམས་ཆོས་མང་པོའི་གྲས་སུ་ཐོན་པ་རེད། འདི་ལྟ་བུའི་ཡུལ་སྐད་ཀྱི་མིང་བརྡ་དག་དྲངས་ཚེ་ཡུལ་དེའི་མི་རྣམས་ཀྱིས་དང་ལེན་བྱེད་ཐུབ་པར་མ་ཟད། ས་ཆ་གཞན་ནས་ཀྱང་རིམ་བཞིན་དུ་དང་ལེན་བྱེད་ཐུབ་པ་རེད། སྤྱི་ཚོགས་ཀྱི་ལམ་ལུགས་ལ་འགྱུར་ལྡོག་བྱུང་བ་དེས་ཆབ་སྲིད་དང་དཔལ་འབྱོར་འཕེལ་རྒྱས་སུ་བཏང་བར་མ་ཟད། ཚན་རྩལ་རིག་གནས་སྐོར་ཡང་འཕེལ་རྒྱས་ཆེན་པོ་བཏང་བ་ཡོད། དེས་ད་དུང་མུ་མཐུད་དུ་བོད་མི་དམངས་ཀྱི་རིག་གནས་དང་སྤྱི་ཚོགས་གན་རྒྱ། སློབ་ཁྲིད་དཔྱད་གཞི། ནད་ཡིག ཚོང་རྫས་ཀྱི་ཚོང་རྟགས་དང་གསལ་བཤད་ཡི་གེ་སོགས་སུ་ཡང་བོད་ཡིག་གིས་གསལ་བཤད་བྱས་ཏེ་འཕེལ་རྒྱས་སུ་བཏང་ཡོད། བོད་ཁུལ་གྱི་ས་ཆ་མང་པོར་མིང་བརྡ་གསར་པ་རྒྱ་ཁྱབ་ཏུ་བཀོལ་སྤྱོད་བྱས་ཏེ་བོད་སྐད་རྣལ་མས་འབྲེལ་འདྲིས་བྱེད་པར་བྱེད་ནུས་ཆེན་པོ་འདོན་བཞིན་ཡོད།

1.མིང་བརྡ་གསར་པ་ཡིག་བསྒྱུར་བྱ་བས་མི་རིགས་ཕན་ཚུན་གྱི་འབྲེལ་ཟམ་སྔར་ལས་ཇེ་བཟང་དུ་གཏོང་ཐུབ།

ཡིག་བསྒྱུར་ནི་མི་རིགས་ཁག་དབར་ཕན་ཚུན་རྒྱུས་ལོན་པ་དང་མཛའ་མཐུན་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་ཤེས་རིག་འཕེལ་བའི་ཟམ་པའི་འབྲེལ་ཐག་ཞིག་ཡིན། སྐད་ཆ་ནི་མིའི་འབྲེལ་འདྲེས་ཡོ་བྱད་ཞིག །ཡིག་བསྒྱུར་ནི་སྐད་ཆའི་འབྲེལ་འདྲེས་བྱ་འགུལ་ཡིན། དེར་སྐད་ཆ་མི་མཐུན་པ་གཉིས་པར་ཡིག་བསྒྱུར་དང་སྐད་ཆ་མཐུན་པ་གཅིག་ནང་ཁུལ་གྱི་ཡིག་བསྒྱུར་རེད། ཡིག་བསྒྱུར་གྱི་གཞུང་ལུགས་མཁས་ཅན་ཀྲུང་ཕེ་ཅེ་(张培基)གསུང་པར་ཡིག་བསྒྱུར་ནི་སྐད་ཆ་གཅིག་གིས་སྐད་ཆ་གཞན་ཞིག་མཚོན་པའི་བསམ་བློ་ནང་དོན་ཡང་དག་པ་དང་འཐུས་ཚང་གི་ཡང་བསྐྱར་མཚོན་པའི་སྐད་ཆའི་བྱ་འགུལ་ཞིག མི་རིགས་རང་ཉིད་ཀྱི་སྐད་ཆ་ལ་བརྟེན་ནས་ཕུལ་དུ་བྱུང་བའི་རྩོམ་རིག་ཡིག་བསྒྱུར་ཐུབ། སྐད་རིགས་གཉིས་བར་རིག་གནས་རྒྱུ་རྐྱེན་ལ་རྟག་ཏུ་གནད་འབྱུང་སྲིད། ཡིག་བསྒྱུར་བ་དེ་དང་མཐུན་པའི་སྐད་ཆའི་རྣམ་འགྱུར་ཁོང་དུ་ཆུད་པར་མ་ཟད་ད་རུང་རིག་གནས་སྐད་ཡིག་ལ་སློབ་སྦྱོང་འབད་བརྩོན་བྱེད་དགོས། ཡིག་བསྒྱུར་པས་དཀའ་སྤྱད་འབད་བརྩོན་བྱེད་པས་མི་རིགས་ཁག་བར་འབྲེལ་འདྲེས་ཇེ་དམ་དུ་གཏོང་བ་དང་མཛའ་མཐུན་འབྲེལ་བ་གཏིང་ཟབ་པ་དང་ཤེས་རིག་འཕེལ་བ་སོགས་ལྡན་ཡོད།

2. རང་མི་རིགས་ཀྱི་ཐ་སྙད་ཕུན་སུམ་ཚོགས་པར་གཏོང་དགོས།

སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་འགྲོས་མགྱོགས་མྱུར་དང་བསྟུན་ནས་ཚན་རིག་ཐོན་རྫས་ཀྱང་ཆར་རྗེས་སྨྱུག་མ་བཞིན་ཐོན་སྐྱེད་བྱ་བཞིན་པའི་སྒང་། དེ་བསྟུན་དུ་མིང་བརྡ་གསར་པ་བཀོལ་ནས་ཐོན་རྫས་གསར་པ་ལ་བཏགས་མིང་འདོགས་ནས་ངོས་འཛིན་བྱ་བ་ནི་མེད་དུ་མི་རུང་པའི་དགོས་ངེས། ཚན་རིག་ཐོན་རྫས་བཀོལ་ཁྱབ་རྒྱ་བསྐྱེད་པའི་མཚམས་དང་བསྟུན་མིང་བརྡ་གསར་པའང་ཁྱབ་བསྒྲགས་ཆེན་པོར་བྱུང་ཐུབ། འོན་ཀྱང་རང་མི་རིགས་ལ་མཚོན་ན། མི་རིགས་ཀྱི་དངོས་པོའི་དཔལ་ཡོན་དང་བསམ་པའི་གོ་རྟོག་ཇེ་མཐོར་གཏོང་དགོས་ན་ཚན་རྩལ་ཐོན་རྫས་གསར་པ་འདི་དག་གི་བཏགས་མིང་བོད་སྐད་ལ་ལོ་ཙཱ་བྱ་བ་ནི་དགེ་མཚན་བསམ་ལས་མི་ཁྱབ་པ་ལྡན།

གསུམ་པ། མིང་བརྡ་གསར་པའི་ཡིག་སྒྱུར་གྱི་ཐབས་ལམ།

1.དོན་སྒྱུར། འདི་ནི་མིང་ཚིག་དང་སྐད་ཆ་རེ་རེ་བཞིན་དུ་མི་བསྒྱུར་བར་ནང་དོན་ཧྲིལ་བོ་གཙོར་བཟུང་ནས་བསྒྱུར་བ་ཡིན་ལ། རྒྱུན་ལྡན་དུ་མིང་དང་ཚིག་བསྒྱུར་བ་དང་། མ་ཡིག་དང་བསྒྱུར་ཡིག་གི་བར་དུ་བར་ཁྱད་ཆེན་པོ་འབྱུང་དུས་ད་གཟོད་བཀོལ་ཆོག་པ་ཞིག་ཡིན། སྤྱིར་རིག་གནས་དང་སྐད་ཆའི་འབྲེལ་འདྲིས་ཁྲོད་ནས། དོན་བསྒྱུར་གྱིས་གཙོ་བོ་བསྒྱུར་ཡིག་དང་མ་ཡིག་གི་རིག་གནས་ཀྱི་རང་ཚུགས་རང་བཞིན་སྲུང་འཛིན་བྱེད་གྱིན་ཡོད་ལ། དོན་བསྒྱུར་བྱས་ན་ད་གཟོད་མི་རིགས་རང་གི་སྐྱེ་ཁམས་རིག་གནས། སྐད་ཆའི་རིག་གནས། ཆོས་ལུགས། དངོས་པོའི་རིག་གནས། སྤྱི་ཚོགས་རིག་གནས་བཅས་ཀྱི་ཁྱད་པར་མཚོན་ཐུབ་ལ། མི་རིགས་རང་གི་སྐད་ཆའི་ཁྱད་ཆོས་ཀྱང་མཚོན་ཐུབ་པ་རེད།

2.སྒྲ་སྒྱུར། འདི་ནི་ཕྱི་ནང་གཉིས་ཀའི་སྒྲ་ཉེ་བའི་མིང་ཚིག་བསྒྱུར་དུས་བཀོལ་བ་ཡིན།

སྒྲ་སྒྱུར་ནི་སྒྲ་ཚན་གྱིས་མ་ཡིག་ཁྲོད་ནས་སྒྲ་གདངས་གསལ་པོར་མཚོན་པར་བྱེད་པའི་བསྒྱུར་ཐབས་ཞིག་ཡིན། མི་རིགས་སོ་སོའི་རིག་གནས་མི་འདྲ་བས་མཚམས་རེར་ཡིག་བསྒྱུར་བྱེད་དུས་འདྲ་བའི་མིང་ཚིག་མེད་སྟེ། དཔེར་ན། མིའི་མིང་། ས་མིང་། ཀུང་སིའི་མིང་། ཚོང་རྟགས་ཀྱི་མིང་། ཚན་རྩལ་བརྡ་ཆད་སོགས་ཐད་ཀར་བསྒྱུར་མི་ཐུབ་པ་རེད། དེ་བས་རང་མི་རིགས་ཀྱི་ཁྱད་ཆོས་ལྡན་ལ་དགོས་མེད་ཀྱི་ནོར་འཁྲུལ་མི་འབྱུང་བའི་ཆེད་རྒྱུན་དུ་སྒྲ་བསྒྱུར་བྱེད་རྒྱུ་གལ་ཆེ།

3.ཐད་སྒྱུར། སྐད་གཉིས་སྨྲ་བའི་སྒྲོན་མེ་ལས། ཐད་སྒྱུར་ནི་མི་རིགས་གཉིས་ཀའི་ཐུན་མོང་གི་ཁོར་ཡུག་དང་ཐུན་མོང་གི་རིག་གནས། ཐུན་མོང་གི་བསམ་བློའི་འཁྱེར་སོ་སོགས་ལས་བྱུང་བའི་མིང་དང་ཚིག་གི་སྦྱོར་ལུགས་རྣམས་ཕན་ཚུན་ལ་སྒྲ་དོན་བཞིན་བསྒྱུར་བ་ལ་བྱ་སྟེ། སྔོན་གྱི་དུས་སུ་འདི་ལ་དྲང་ཐད་དུ་བསྒྱུར་བ་ཞེས་དང་། སྒྲ་བཞིན་དུ་བསྒྱུར་བ་ཞེས་མིང་གི་རྣམ་གྲངས་གྲགས་ཆེ་བ་གཉིས་ཙམ་བྱུང་བའི་སྔ་མ་གནས་བརྒྱད་ཆེན་མོ་ལས། དྲང་ཐད་དུ་བསྒྱུར་བ་ཞེས་འབྱུང་། བརྗོད་འདོད་པའི་སྐད་ཆ་དེ་ཡི་ནང་དོན་དང་རྣམ་པ་དེ་སྐད་ཆ་གཞན་ཞིག་གི་ནང་དོན་དང་རྣམ་པར་བསྒྱུར་བའི་གོ་རིམ་དང་མཇུག་འབྲས་སྟེ། ཡིག་བསྒྱུར་གྱི་གོ་རིམ་ཁྲོད་མ་ཡིག་གི་རྣམ་པ་མི་འགྱུར་ལ་ནང་དོན་ལ་ཡང་འགྱུར་ལྡོག་མི་གཏོང་བར། མ་ཡིག་གི་སྐད་དང་ཡི་གེའི་གོ་རིམ། བརྡ་སྤྲོད་ཀྱི་ཁྱད་ཆོས། རྒྱན་གྱི་རྣམ་པ། རྩོམ་སྟངས་ཀྱི་ཁྱད་ཆོས། ས་དེ་གའི་མི་རིགས་ཀྱི་ཁྱད་ཆོས་སོགས་རང་སོར་བཞག་ཏེ། མ་ཡིག་དང་བསྒྱུར་ཡིག་གཉིས་བརྗོད་བྱ་དང་རྗོད་བྱེད་ཀྱི་སྟེང་ནས་ཉེ་བར་བསྒྱུར་བ་ཡིན། །

བཞི་པ། ཡིག་སྒྱུར་སྐབས་ཀྱི་ངེས་པར་དོ་སྣང་

བྱ་དགོས་པའི་གནད་དོན།

མིང་བརྡ་ལ་གོ་བ་ཟབ་མོ་ལེན་པ་དང་རྒྱུ་ཆ་འདོན་ཀློག་ལ་བྱང་དགོས་པ། ཡིག་བསྒྱུར་གྱི་ལས་ཀའི་ཁྲོད་གནད་དོན་མང་པོ་ཞིག་ནི་རང་ཉིད་ཀྱིས་གོ་བ་ཟབ་མོ་ལེན་ཐུབ་མེད་པས་བཟོས་པ་རེད། གལ་ཏེ་དོན་ཤེས་མེད་པ་ཁོ་ན་ང་ཚོས་ཚིག་མཛོད་སོགས་ཀློག་ནས་རང་གི་ཞན་ཆ་ཁ་གསལ་བྱེད་ཐུབ་ལ། ཡང་ན་རང་གི་མི་ཤེས་པ་དག་མ་བསྒྱུར་ཡང་ཆོག་མོད། གལ་སྲིད་རང་ཉིད་མ་ཤེས་ཤེས་ཁུལ་བྱས་ནས་བསྒྱུར་ཚེ་ནོར་འཁྲུལ་ལས་ཡང་དག་པ་ཞིག་མ་ཡིན་ལ། རང་རེར་གྲོགས་པོ་བཟང་པོ་ཞིག་གིས་གསལ་སྟོན་བྱས་ནས་མ་གཏོགས་གོམས་གཤིས་ངན་པ་བསྒྱུར་དཀའ་བ་རེད། དེ་བས་ཡིག་བསྒྱུར་གྱིས་ང་ཚོར་དོན་གསལ་བོ་རྟོགས་སུ་འཇུག་ཐུབ་ལ། ང་ཚོས་རྒྱུད་ཀྱི་ཤེས་བྱ་ཐམས་ཅད་ཀྱང་མེ་ལོང་ངོས་ཀྱི་རི་མོ་ཇི་བཞིན་བསྒྱུར་ཡིག་ལས་ཡོད་ཚད་ར་སྤྲོད་ཐུབ་ངེས།

སྐད་ཆ་ནི་སྤྱི་ཚོགས་བརྗེ་རེས་ཀྱི་ཅ་ལག་ཅིག །མི་རྣམས་ཀྱིས་བསམ་བློ་བརྗེ་རེས་དང་བརྡ་འཕྲིན་བརྒྱུད་སྤྲོད་བྱེད་པས་ཕན་ཚུན་རྒྱུན་ལོན་དུ་གྱུར། སྐད་ཆས་མི་རྣམས་ཀྱི་བསམ་ཚུལ་སྟོན་ཐུབ་པ། དངོས་ཡོད་སྤྱི་ཚོགས་ཀྱི་འགལ་བ་མང་པོར་ཐག་གཅོད་བྱེད་ཐུབ། དེའི་རྐྱེན་གྱིས་སྐད་ཆའི་འཛེམ་བྱ་བྱུང་། ཕྱོགས་གཅིག་ནས་སྐད་ཆའི་དངོས་པོ་ངོ་མཚར་ཅན་ལ་དད་མོས་བྱེད། ཕྱོགས་གཞན་གཅིག་ནས་དམིགས་བསལ་གྱི་གནས་ཡུལ་གྱི་སྐད་ཆ་འཛེམ་སྤྱོད་དང་ཚབ་སྤྱོད། བོད་རིགས་ཀྱིས་དམིགས་བསལ་གྱི་འཛེམ་བྱ་ཞིག་ནི་ཤི་སོང་ཞེས་པའི་དོན་སྟོན་དུས། མི་གཞན་ལ་མི་དགའ་དང་དམོད་པ་བྱེད་པའི་ཚུགས་སྟོན་པ། བླ་མ་ཆེན་པོ་ལ་མྱང་འདས་དང་རྒན་རབས་ལ་སྐུ་གཤེགས་པ་དང་ཆུང་རབས་ལ་ད་རུང་ཤི་སོང་ཞེས་པའི་སྐད་ཆ་བཤད་མི་ཉན། སྟོན་པ་ཤཱཀྱ་ཐུབ་པ་དང་རྗེ་ཙོང་ཁ་པ་འཁྲུངས་སྐར་དང་མྱ་ངན་ལས་འདས་ནས་དྲན་གསོའི་ཉི་མ་དེ་ལ་སྲོག་གཅོད་པ་དང་གཙབ་པ་སོགས་ཀྱི་སྐད་ཆ་འཛེམ་དགོས། རྒྱ་སྐད་ཀྱི་མིང་བརྡ་གསར་བ་བོད་སྐད་དུ་བསྒྱུར་སྐབས། དུས་རྒྱུན་དུ་མི་རིགས་སོ་སོའི་རིག་གནས་རྒྱབ་ལྗོངས་དང་གོམས་སྲོལ་སོགས་ལ་བྱང་ཆ་ཡོད་དགོས་པ།

མཇུག་བསྡུ་བ།

མིང་བརྡ་གསར་པ་འདི་འདྲའི་གལ་ཆེ་བ་དང་ཕུན་སུམ་ཚོགས་པའི་ཡོན་ཏན་གང་མང་ལྡན་པས། ང་ཚོས་ནམ་ཡང་མུ་མཐུད་དུ་རྒྱུན་འཁྱོངས་དང་ཇེ་བཟང་ཇེ་ལེགས་སུ་གཏོང་བ་ལ་འབད་པ་ཧུར་ཐག་བྱ་དགོས། འགྲོ་བ་མིའི་རིགས་ལ་བདེ་སྐྱིད་ལྡན་དགོས་ན། ང་ཚོའི་སྤྱི་ཚོགས་ཁོར་ཡུག་འཆམ་མཐུན་ཡོང་དགོས། སྐད་ཆ་ནི་འབྲེལ་འདྲིས་ཀྱི་གཞིར་རྩ་ཡིན་ལ། འབྲེལ་འདྲིས་ནི་འཕེལ་རྒྱས་ཀྱི་རྩ་བའི་གོམས་པ་ཡིན། འབྲེལ་འདྲིས་ཡོད་ན་འཕེལ་རྒྱས་ཡོད། འཕེལ་རྒྱས་ཡོད་ན་འཆམ་མཐུན་ལྡན།

དེང་རབས་ཀྱི་རིག་གནས་ལ་སློབ་སྦྱོང་བྱེད་དུས་ངེས་པར་དུ་སྙིགས་དོར་བཅུད་ལེན་གྱི་སྙིང་སྟོབས་ཡོད་དགོས། རང་རིགས་ཀྱི་རིག་གནས་ལ་ཞིབ་འཇུག་དང་བསྟུན་ནས་རང་རིགས་ཀྱི་བྱ་དངོས་ཕྱོགས་གང་ཐད་ནས་འཐུས་ཚང་དུ་གཏོང་དགོས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1