དགོན་སེར་ནུབ་མ། སྐྱེས་ཆེན་དམ་པས་མཛད་འཕྲིན་གྱི་འཁོར་ལོ་བསྐོར་སའི་གནས་མཆོག།

རྣམ་དཀར་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-23


དགོན་སེར་ནུབ་མ་ནི་པེ་ཅིང་གྲོང་ཁྱེར་གྱི་བྱང་ཤར་གྱི་ཁྲའོ་དབྱང་ཆུས་ཨན་ཏེན་ལམ་གྱི་དཀྱིལ་མཚམས་སུ་གནས་ཤིང་བོད་ཀྱི་ལོ་རྒྱུས་ཡིག་ཆའི་ཁྲོད་དུ་གནས་འདིར་ལྷ་ཁང་སེར་པོ་ཞེས་བཀོད་པ་ཡང་ཡོད་ལ། དེ་དང་དགོན་སེར་ཤར་མ་གཉིས་ནི་དགེ་ལུགས་པའི་དགོན་པ་གཉིས་ཡིན་ཞིང་། ཀུན་གྱིས་སེར་མོ་བའི་དགོན་སྡེ་གཉིས་སམ་དགོན་སེར་གཉིས་ཞེས་འབོད་བཞིན་ཡོད། སྤྱིའི་འཛུགས་སྐྲུན་གྱི་ཆ་ནས་རྫ་གཡམ་སེར་པོ་དང་གྱང་དམར་པོ་ཡིན་ལ། མཆོད་རྟེན་རྔམ་བརྗིད་ལྡན་པས་ཐུན་མིན་གྱི་ཁྱད་ཆོས་འབུར་དུ་ཐོན་ཡོད།

དགོན་པ་འདི་ནི་ཆིང་རྒྱལ་རབས་ཀྱི་གོང་མ་ཧྲུན་ཀྲི་ཁྲི་ལོ་དགུ་པ་སྟེ་སྤྱི་ལོ་1652ལོར། བོད་ཀྱི་ཆོས་ལུགས་གཙོ་འཛིན་ཏཱ་ལའི་སྐུ་ཕྲེང་ལྔ་པར་བསྐྲུན་པའི་བཞུགས་གནས་ཤིག་ཡིན་པས། ཏཱ་ལའི་ལྷ་ཁང་ཡང་ཟེར། གོང་མ་ཆན་ལུང་ཁྲི་ལོ་བཞི་བཅུ་ཞེ་ལྔ་སྟེ་1780ལོར་པཎ་ཆེན་སྐུ་ཕྲེང་དྲུག་པ་དགོན་པ་འདི་ནས་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ཞིང་། གོང་མ་ཆན་ལུང་ཁྲི་ལོ་བཞི་བཅུ་ཞེ་བདུན་པ་སྟེ་1782ལོར་དྭངས་གསལ་འཕྲུལ་གྱི་ཕོ་བྲང་གི་མཆོད་རྟེན་བཞེངས་ནས། པཎ་ཆེན་སྐུ་ཕྲེང་དྲུག་པ་ལ་དྲན་གསོ་ཞུས་པ་དང་། མཆོད་རྟེན་གྱི་གཟུངས་གཞུག་ལ་པཎ་ཆེན་སྐུ་ཕྲེང་དྲུག་པའི་ཆོས་གོས་སོགས་བཞག་ཡོད་པས་པཎ་ཆེན་མཆོད་རྟེན་ཡང་ཟེར།

དགོན་པ་འདི་ནི་པེ་ཅིང་གྲོང་ཁྱེར་གྱི་རིག་དངོས་སྲུང་སྐྱོབ་ཚན་པ་ཡིན་ལ། 1983ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱ་རིགས་ས་ཁུལ་གྱི་རྒྱལ་ཡོངས་ཀྱི་ནང་བསྟན་དགོན་སྡེ་གཙོ་གནད་ནང་བཞག་པ་རེད། 1987ལོའི་ཟླ་9པར། པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་གིས་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དེ་དགོན་སེར་ནུབ་མར་བཙུགས། ཟླ་9པའི་ཚེས་1ཉིན། དགོན་སེར་ནུབ་མས་ཆོས་དུང་སྒྲ་དབྱངས་བསྒྲགས་ནས་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་སྐབས་དང་པོའི་སློབ་མའི་སློབ་འགོ་ཚུགས་པའི་མཛད་སྒོ་གཉེར་བ་རེད། ཆིང་རྒྱལ་རབས་སྐབས་ཀྱི་ཏཱ་ལའི་བླ་མ་དང་པཎ་ཆེན་གྱི་བཞུགས་གནས་འདི་ཉིད་དུས་ད་ལྟ། བོད་བརྒྱུད་ནང་བསྟན་གྱི་གྲྭ་བཙུན་མཁས་པ་དང་། ནང་བསྟན་རིག་པའི་ཞིབ་འཇུག་ཤེས་ལྡན་མི་སྣ། ཕྱི་ཕྱོགས་རིག་གཞུང་སྤེལ་རེས་ཤེས་ལྡན་མི་སྣ་བཅས་གསོ་སྐྱོང་བྱ་ཡུལ་ཞིག་ཏུ་གྱུར་ཡོད།

1644ལོར་ཆིང་དམག་ལྕགས་རིའི་ཚུན་ལ་བུད་དེ། གོང་མ་ཧྲུན་ཀྲི་ཁྲིར་བསྐོས། བོད་ས་གནས་ཀྱི་སྟོབས་ཤུགས་བར་གྱི་འབྲེལ་བ་འཆམ་མཐུན་ཡོང་ཆེད། ཧྲུན་ཀྲི་ཁྲི་ལོ་བརྒྱད་པ་སྟེ་1651ལོར་ཆིང་སྲིད་གཞུང་གིས་བླ་མ་ཆ་ཀར་ཤེས་རབ་བོད་དུ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་བློ་བཟང་རྒྱ་མཚོ་གདན་འདྲེན་ཞུ་བར་མངགས་ནས། པེ་ཅིང་དུ་གོང་མ་ཧྲུན་ཀྲི་དང་མཇལ་འཕྲད་གནང་། གོང་མ་ཧྲུན་ཀྲི་ཡིས་རྒྱལ་སའི་བྱང་དུ་དགོན་སེར་ནུབ་མ་བསྐྲུན་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་བཞུགས་གནས་སུ་འབུལ་རྒྱུ་ཡིན་པའི་བཀའ་བསྒྲགས། 1652ལོར་དགོན་སེར་ནུབ་མ་བཙུགས། ལོ་དེར། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་བོད་ཀྱི་སེར་སྐྱ་དཔོན་རིགས་ཀྱི་སྐུ་བཅར་མི་གྲངས་སུམ་སྟོང་ལྷག་ཁྲིད་དེ་ཟླ་དགུའི་རིང་གི་ལམ་ཐག་བརྒྱུད་པེ་ཅིང་དུ་འབྱོར་བ་དང་། དགོན་སེར་ནུབ་མ་ནས་སྐུ་བཞུགས་གནང་བ་རེད།

ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་པེ་ཅིང་དུ་བཞུགས་རིང་ཕོ་བྲང་ནང་གོང་མ་ཧྲུན་ཀྲི་དང་མཇལ་བར་ཐེངས་མང་ཕེབས་ནས་བོད་ས་གནས་ཀྱི་ཆོས་སྲིད་ཀྱི་དོན་ཆེན་སྙན་སེང་ཞུས་པ་དང་། གོང་མ་ཧྲུན་ཀྲི་ཡིས་ཀྱང་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པར་ཕོ་བྲང་ནས་གསོལ་ཚིགས་ཐེངས་མང་དྲངས་པ་རེད། ཧྲུན་ཀྲི་ཁྲི་ལོ་བཅུ་པ་སྟེ་1653ལོའི་ཟླ་གསུམ་པར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་བོད་དུ་ཕེབས་རྒྱུའི་རེ་བ་ཞུས་ཤིང་། ཟླ་བཞི་པར། ཆིང་སྲིད་གཞུང་གིས་གུས་ལུགས་སྡེ་ཁག་གི་བློན་ཆེན་ཅུའེ་ལོ་ལང་ཆིའུ་དང་ལི་ཧྥན་ཡོན་གྱི་སྐུ་སྲུང་བ་ཞི་ཏ་ལི་གཙོ་བྱས་པའི་དཔོན་རིགས་མངགས་ཤིང་། ཏའི་ཁའི་ཕོ་བྲང་སྟེ་དེང་གི་ནང་སོག་གི་ལིའང་ཁྲེན་ལ་ཕེབས་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ལ་ནུབ་ཀྱི་ལྷ་གནས་ཆེས་དགེ་བར་བདེ་བར་གནས་པའི་སངས་རྒྱས་ཀྱི་བཀའ་ལུང་། གནམ་འོག་གི་སྐྱེ་འགྲོ་ཐམས་ཅད་བསྟན་པ་གཅིག་ཏུ་གྱུར་པ། འགྱུར་མེད་རྡོ་རྗེ་འཆང་རྒྱ་མཚོའི་བླ་མའི་ཆོ་ལོ་བསྩལ་ནས་རྒྱ་ཡིག་དང་མན་ཇུ་ཡི་གེ། སོག་ཡིག །བོད་ཡིག་བཞིའི་གསེར་ཡིག་དང་གསེར་ཐམ་གནང་བ་རེད། འདི་ནི་ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལའི་བླ་མར་མཚན་སྙན་གནང་ཐེངས་དང་པོ་ཡིན། ཁང་ཞི་ཁྲི་ལོ་ང་གཉིས་པ་སྟེ་1713ལོར་གོང་མ་ཁང་ཞིས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་དཔེ་མཚོན་ལྟར་ཆེད་མངགས་བློན་ཆེན་གྱིས་བཀྲིས་ལྷུན་དགོན་གྱི་པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་ལ་པཎ་ཆེན་ཨེར་ཏེ་ནི་ཞེས་པའི་མཚན་སྙན་གནང་བ་དང་འབྲེལ་གསེར་ཡིག་གསེར་ཐམ་གནང་བ་རེད། དེ་ནས་བཟུང་ཏཱ་ལའི་བླ་མ་དང་པཎ་ཆེན་ཨེར་ཏེ་ནིས་ཀྲུང་དབྱང་སྲིད་གཞུང་གིས་ཆོ་ལོ་གནང་རྒྱུ་ངེས་པར་དུ་བརྒྱུད་དགོས་པའི་ལོ་རྒྱུས་ཀྱི་གཏན་སྲོལ་ཞིག་ཆགས་པ་རེད།

ཆིང་རྒྱལ་རབས་ནས་བཟུང་། དགོན་སེར་ནུབ་མ་དེ་ཉིད་ཏཱ་ལའི་བླ་མ་དང་པཎ་ཆེན་ཨེར་ཏེ་ནི་གཉིས་པེ་ཅིང་དུ་གནས་མཇལ་དུ་ཕེབས་པའི་བཞུགས་གནས་ཕོ་བྲང་ཡིན་ལ། ཏཱ་ལའི་བླ་མ་དང་པཎ་ཆེན་ཨེར་ཏེ་ནིས་པེ་ཅིང་ནས་གོང་མར་མཇལ་འཕྲད་དུ་ཕེབས་པའི་བློན་ཆེན་ཁག་གཅིག་ལ་སྣེ་ལེན་ཞུས་ཡོད། དེ་དང་ཆབས་ཅིག་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་གཙོ་འཛིན་མི་སྣ་དང་དེ་བཞིན་སྤྲུལ་སྐུ་ཆེན་པོ་ཁག་གཅིག་ཀྱང་དགོན་སེར་ནུབ་མ་དང་འབྲེལ་བ་དམ་ཟབ་ཡོད་པས་དགོན་སེར་ནུབ་མ་དེ་སྔོན་པེ་ཅིང་གི་བོད་བརྒྱུད་ནང་བསྟན་ལས་དོན་ཐག་གཅོད་བྱེད་པའི་ལྟེ་གནས་སུ་གྱུར་ཡོད།

1923ལོའི་ཟླ་11པར་པཎ་ཆེན་སྐུ་ཕྲེང་དགུ་པ་ཆོས་ཀྱི་ཉི་མས་སྣེ་ཁྲིད་དེ་བྱང་དུ་བསྐྱོད་ནས་མེས་རྒྱལ་ནང་སའི་རྒྱབ་སྐྱོར་འཚོལ་སྙེག་བྱས་ཤིང་། 1925ལོའི་ཟླ་2པའི་ཚེས་20ཉིན། པཎ་ཆེན་སྐུ་ཕྲེང་དགུ་པ་པེ་ཅིང་དུ་འབྱོར་ཞིང་། མི་སེར་རྒྱལ་ཁབ་ཀྱི་སྲིད་གཞུང་གི་སྐུ་ཚབ་དང་དགོན་སེར་ནུབ་མ་དང་ཤར་མ། དགའ་ལྡན་བྱིན་ཆགས་གླིང་གི་གྲྭ་པ་མང་ཚོགས་བཅས་ཀྱིས་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཤིང་ཀྲུང་ནན་ཧའེ་ཡི་ཡིང་ཐེ་རུ་བཞུགས་གནང་མཛད་པ་རེད། 1927ལོར་པཎ་ཆེན་སྐུ་ཕྲེང་དགུ་པས་ཧྥུ་ཡིའུ་དགོན་པར་པཎ་ཆེན་རིན་པོ་ཆེས་པེ་ཅིང་བཅའ་སྡོད་དོན་གཅོད་ཁང་བཙུགས་པ་དང་། དགོན་སེར་ནུབ་མ་དང་པཎ་ཆེན་སྐུ་ཕྲེང་དྲུག་པ་གཉིས་དམིགས་བསལ་གྱི་རྒྱུ་རྐྱེན་དབང་གིས། པཎ་ཆེན་སྐུ་ཕྲེང་དགུ་པས་དགོན་སེར་ནུབ་མ་ཉམས་གསོ་བྱེད་འགོ་བཙུགས་པ་དང་1928ལོར་ལས་མཇུག་འགྲིལ་ཞིང་། དེ་རྗེས་དུས་ཡུན་རིང་པོའི་དྭངས་གསལ་འཕྲུལ་གྱི་ཕོ་བྲང་གི་མཆོད་རྟེན་གླིང་པཎ་ཆེན་རིན་པོ་ཆེས་པེ་ཅིང་དུ་བཅའ་སྡོད་དོན་གཅོད་ཁང་དུ་མི་མངགས་ནས་དོ་དམ་བྱས་པ་རེད།

1954ལོར་པཎ་ཆེན་སྐུ་ཕྲེང་བཅུ་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་མཚན་གྱིས་སྐབས་དང་པོའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ལ་ཞུགས། ཚོགས་འདུའི་རིང་ཁོང་ཉིད་དགོན་སེར་ནུབ་མར་དྭངས་གསལ་འཕྲུལ་གྱི་ཕོ་བྲང་གི་མཆོད་རྟེན་མཇལ་བར་ཕེབས། 1987ལོའི་ཟླ་9པའི་ཚེས་1ཉིན་ཏང་དང་སྲིད་གཞུང་གི་མཐོང་ཆེན་དང་ཐུགས་ཁུར་འོག །ཀྲུང་གོ་མཐོ་རིམ་བོད་བརྒྱུད་ནང་བསྟན་སློབ་གླིང་དེ་དགོན་སེར་ནུབ་མར་དངོས་སུ་བཙུགས་པ་དང་པཎ་ཆེན་སྐུ་ཕྲེང་བཅུ་པས་ཡོན་ཀྲང་དང་པོའི་འགན་ཁུར། ད་ཆའི་དགོན་སེར་ནུབ་མ་འདི་ཉིད་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་མཐོ་རིམ་དགེ་འདུན་པ་གསོ་སྐྱོང་རྟེན་གཞིར་གྱུར་ནས་རྒྱ་བོད་རིག་གནས་སྤེལ་རེས་ཀྱི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད།

1979ལོའི་ཟླ་8པའི་ཚེས་21ཉིན། པེ་ཅིང་གྲོང་ཁྱེར་སྲིད་གཞུང་གིས་དགོན་སེར་ནུབ་མ་ནི་པེ་ཅིང་གྲོང་ཁྱེར་གྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ལས་ཁུངས་ཡིན་པ་ཁྱབ་བསྒྲགས་བྱས། 1981ལོའི་ཟླ་7པར་པེ་ཅིང་གྲོང་ཁྱེར་གྱི་རིག་དངོས་ལས་དོན་དོ་དམ་ཅུས་ཀྱིས་དྭངས་གསལ་འཕྲུལ་གྱི་ཕོ་བྲང་གི་མཆོད་རྟེན་གླིང་གི་གཡས་གྱང་གི་མདུན་དུ་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པའི་མཚོན་རྟགས་དང་ཡི་གེ་བཙུགས། 1983ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དགོན་སེར་ནུབ་མ་དེ་རྒྱ་རིགས་ས་ཁུལ་གྱི་ནང་བསྟན་རྒྱལ་ཡོངས་ཀྱི་གཙོ་གནད་དགོན་སྡེར་བདམས་པ་དང་། 2001ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པར་གཏན་འཁེལ་བྱས་པ་རེད། 2018ལོ་ནས་བཟུང་དངོས་སུ་ཕྱི་ཕྱོགས་ལ་སྒོ་ཕྱེས་ནས་མཇལ་སྐོར་དང་ལྟ་སྐོར་དུ་ཕེབས་ཐུབ་པ་བྱས་ཡོད་པས། དེའི་སྐོར་ལ་མོས་པ་ཡོད་པའི་དད་ལྡན་མང་ཚོགས་རྣམས་གཟའ་སྤེན་པ་དང་གཟའ་ཉི་མའི་དུས་སུ་ཕེབས་ཆོག་གོ ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1