ཅིང་ལིན་ཀང་གིས་དར་མདོའི་སྡོད་ཁང་གི་འགྱུར་ལྡོག་གླེང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 11-26




   རང་ཁུལ་བཙུགས་ནས་ལོ71འཁོར་བ་ནས་བཟུང་། གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུའི་འཕོ་འགྱུར་ཆེན་པོ་བྱུང་ཡོད། ལྷག་པར་དུ་རྫོང་དང་གྲོང་ཁྱེར་ཁག་གི་གྲོང་ཁྱེར་འཛུགས་སྐྲུན་གྱི་ཐད་གསོན་ཤུགས་ཉིན་བཞིན་ཇེ་ཆེ་དང་ཇེ་རྒྱས་སུ་འགྲོ་དང་འགྲོ་བཞིན་ཡོད། ཁུལ་སྲིད་གཞུང་གནས་ཡུལ་དར་མདོ་གྲོང་ཁྱེར་ནི་དེའི་མཚོན་བྱེད་རང་བཞིན་གྱི་ཡ་གྱལ་ཞིག་ཡིན། གཤམ་ལ་ཀློག་པ་པོ་ཚོས་དར་མདོའི་གནས་ཚུལ་ལ་ཆ་རྒྱུས་ཆེས་ཆེ་བའི་མི་སྣ་ཅིང་ལིན་ཀང་གིས་དར་མདོའི་གྲོང་ཁྱེར་སྡོད་ཁང་སྐོར་ལ་འཕོ་འགྱུར་ཇི་འདྲ་བྱུང་ཡོད་པའི་སྐོར་གླེང་བ་ལ་ཐེངས་གཅིག་གཟིགས།


ཀ། དར་མདོ་གྲོང་ཁྱེར་གྱི་འཛུགས་སྐྲུན་རྒྱ་ཁྱོན་ཆེ་རུ་ཕྱིན།

   ད་ཆ་མདོ་གྲོང་སྐོར་གླེང་སྐབས་མི་ཚང་མས“གྲོང་རྙིང་ཡིན་ནམ་གྲོང་གསར་ཡིན”ཞེས་མི་འདྲི་མཁན་མེད་ཅིང་།ལོ་ངོ71གི་རིང་ལ་གྲོང་རྙིང་གྲོང་གསར་དུ་བསྒྱུར་བ་དང་གྲོང་ཁུལ་གྱི་རྒྱ་ཁྱོན་ལྡབ་འཕར་རྒྱ་ཆེར་བཏང་བས་མ་ཚད་དར་མདོའི་ཡུལ་མིའི་སྡོད་གནས་ཁོར་ཡུག་ཉིན་བཞིན་ཇེ་ཡག་ནས་ཇེ་སྐྱིད་དུ་འགྲོ་བཞིན་ཡོད།
   ཅིང་ལིན་ཀང་གིས་གསར་འགོད་པར་ཕ་ཡུལ་ལ་བཅངས་པའི་བརྩེ་སེམས་ཀྱི་ཆེད་དུ་རང་ལ་སྔ་ས་ནས་ཕ་ཡུལ་གྱི་འདས་དོན་འཚོལ་བསྡུ་བྱེད་པའི་གོམས་གཤིས་ཤིག་ཆགས་ཡོད།“དུས་རབས་གོང་མའི་དུས་དཀྱིལ་དུ་དར་མདོའི་ལྷོ་གངས་ཆུ་ཟམ་པ་ནས་བྱང་གཡག་རྭའི་ལྟག་སྒོ། ཤར་རྒྱ་ཡུལ་ལྟག་སྒོ་གསུམ་གྱི་བར་ན་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་གཉིས་ལའང་ཟིན་གྱི་མེད།བགྲེས་སོང་ཚོས་དུས་རབས་གོང་མར་ཀྲུང་གོ་གསར་པ་བཙུགས་སྐབས་གྲོང་ཁྱེར་ཡོངས་སུ་མི་སྟོང་ཕྲག་ཁ་ཤས་ལས་མེད་པ་རེད་ཅེས་བཤད།
   དུས་རབས་གོང་མའི་དུས་མཇུག་སྟེ་ལོ་རབས་དགུ་བཅུ་པའི་དུས་མགོར། དར་མདོའི་རྒྱུན་དྭངས་ཟམ་པ་ནས་ཟམ་པ་འགབ་མའི་བར་གྱི་གཡས་འགྲམ་གྱི་ཁང་རྙིང་གཞི་ཁྱོན་ཆེ་བའི་བསྒྱུར་བཀོད་བྱེད་མགོ་ཚུགས་ཡོད། 1995ལོར་ཆུ་ལོག་བྱུང་རྗེས།བསྐྱར་སྐྲུན་བྱ་རྒྱུ་ཡིས་གཙོ་གནད་བྱས་ནས་མཁར་རྙིང་བསྒྱུར་བཀོད་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་བ་དང་། དར་མདོའི་མཁར་རྙིང་བསྒྱུར་བཀོད་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱུང་ཞིང་། གྲོང་ཁྱེར་གྱི་རྣམ་པ་གསར་རྐྱང་དུ་གྱུར་པ་དང་གྲོང་མིའི་སྡོད་ཁང་གི་ཆ་རྐྱེན་ལེགས་བཅོས་བྱུང་ཡོད།


   སྤྱི་ཚོགས་དང་དཔལ་འབྱོར་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བ་དང་མི་འབོར་རྒྱུན་ཆད་མེད་པར་མང་དུ་འགྲོ་བ་དང་ཆབས་ཅིག། གྲོང་ཁྱེར་ཡང་རིམ་བཞིན་གུ་དོག་ཏུ་སོང་བ་དང་། ལེ་ལག་ཚང་བའི་སྒྲིག་བཀོད་ཀྱི་བླང་བྱ་དང་མི་དང་ས་ཆའི་དབར་གྱི་འགལ་བ་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་པས་གྲོང་གསར་འཛུགས་སྐྲུན་མ་བྱས་ཐབས་མེད་དུ་གྱུར་ཡོད། དར་མདོའི་གྲོང་རྙིང་དུ་རི་གསུམ་གྱིས་མཐའ་ནས་བསྐོར་ཞིང་། ཆུ་གཉིས་ཀྱིས་བར་དུ་བཙིར་བས་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་རྩ་བ་ནས་མེད་ཅིང་།མཐར་མི་རྣམས་ཀྱིས་གཉའ་ལུང་མགོའི་མཐའ་འཁོར་གྱི་རི་ལྡེབས་སུ་དོ་སྣང་བྱས།

   ལས་གཞི་འཛུགས་པ་དང་ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ།འཛུགས་སྐྲུན་འཆར་འགོད། གྲོང་ཁྱེར་ཇུས་འགོད།ས་གཤིས་ཚོད་སྐོར་སོགས་ཀྱི་ཡིག་ཐོག་སྙན་ཞུ་ཕུལ་ནས་དུས་རབས་འདིའི་དུས་མགོར་དར་མདོའི་གྲོང་གསར་སྐྲུན་མགོ་ཚུགས་པ་དང་སྔོན་འགྲོའི་ལས་དོན་ཁག་ཅིག་ཅར་དུ་སྒྲུབ་མགོ་ཚུགས་ཡོད།དེའི་རྗེས་གྲོང་ཁྱེར་གྱི་འགྲོ་ལམ་དང་གཞུང་ལས་ཐོག་ཁང་། མི་སྡོད་གཞིས་ཁུལ་སོགས་གཅིག་རྗེས་གཉིས་མཐུད་ངང་སྐྲུན་མགོ་ཚུགས་ཡོད།2008ལོའི་དབྱར་ཁར།གྲོང་ཁྱེར་གསར་པ་འཛུགས་སྐྲུན་གྱི་གཞི་ཁྱོན་རགས་ཙམ་ཆགས་ཡོད་པ་དང་། རྫོང་གི་ཚོགས་པ་ཆེན་པོ་བཞི་དང་སྡེ་ཚན་ཁག་གྲོང་གསར་དུ་སྤོས་ནས་ལས་ཀར་འགྲོ་བ་དེ་མཚོན་རྟགས་སུ་བྱས་ནས་དར་མདོའི་གྲོང་གསར་འཛུགས་སྐྲུན་གཞི་རྩའི་ཆ་ནས་ལེགས་སུ་གྲུབ་ཡོད།ཅིང་ལིན་ཀང་གིས“འཆར་འགོད་ནས་ད་བར་ལོ་ཉི་ཤུ་ཙམ་ཕྱིན་སོང་།དར་མདོའི་གྲོང་གསར་གྱི་མིང་ཁོ་ནར་འགྱུར་ལྡོག་ཐེངས་མང་བྱུང་ཡོད།སྔ་ཤོས་ལ ‘གཉའ་ལུང་མགོ་གྲོང་ཁུལ་གསར་པ’ཞེས་མིང་བཏགས་པ་དང་ཕྱིས་སུ‘དར་མདོའི་གྲོང་ཁུལ་གསར་པ’ཞེས་པར་བསྒྱུར་ནས་མཐའ་གཏུག་གི་མིང་ལ‘དར་མདོའི་གྲོང་ཁུལ་གསར་པ’ཞེས་བཏགས་ཡོད།མིང་བརྗེས་ཐེངས་རེར་དར་མདོའི་མི་དང་ཐབས་ཇུས་པས་གྲོང་གསར་ལ་བཅངས་པའི་ཡིད་ཆེས་དང་རེ་བ་མཚོན་གྱི་ཡོད་ཅེས་བཤད།རྒྱ་ཆེའི་དུད་ཚང་ལ་སྟབས་བདེ་ཡོང་ཆེད།དར་མདོའི་གྲོང་གསར་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ནང་སློབ་ཆུང་དང་།བྱིས་པ་ཁང་།སྨན་ཁང་།ཐང་ཆེན།ཚོང་འདུས་ཁྲོམ་ར།འཐུང་ཆུ་བཟོ་གྲྭ།དེ་བཞིན་གློག་མཁོ་འདོན་དང་མྱུར་བཟོའི་ལས་དོན་སྤེལ་ནས་སྤྱི་སྤྱོད་རླངས་འཁོར་ཤར་གཏོང་ཐུབ་པ་དང་དངུལ་རྩ་དང་ཞབས་ཞུ་སོགས་རྨང་གཞིའི་སྒྲིག་བཀོད་བཀོད་སྒྲིག་བྱས་ཡོད།གྲོང་གསར་འཛུགས་སྐྲུན་ཉིན་བཞིན་འཐུས་ཚང་དུ་འགྲོ་བ་དང་ཆབས་ཅིག་ཚན་པ་དང་།ཁེ་ལས།མགྲོན་ཁང་།བཟའ་བཏུང་སོགས་རྒྱུན་ཆད་མེད་པར་གཞིས་ཆགས་ནས་དར་མདོའི་མི་འབོར་ཧ་ཅང་མང་དུ་ཕྱིན་ཡོད།གླེང་རིན་ཡོད་པ་ཞིག་ནི་དར་མདོའི་གྲོང་གསར་འཛུགས་སྐྲུན་བྱས་པ་དེས་གངས་ཆུ་ཟམ་པ་ནས་གྲོང་ཁུལ་གསར་པའི་བར་གྱི་ལམ་བར་གྱི་འཛུགས་སྐྲུན་མྱུར་ཚད་དང་གཞི་ཁྱོན་ལ་ཐད་ཀར་སྐུལ་ཁྲིད་ཐུབ་ནས་རྟ་རྒྱུགས་ཐང་དང་གཉའ་ལུང་མགོ།ལམ་གཉིས་མདོ།ལྕེ་ཐོག་གྲོང་སྡེ་སོགས་རིམ་པ་མཐོ་རུ་ཕྱིན་ཡོད། ཅིང་ལིན་ཀང་གིས “ལམ་རྒྱུད་ཀྱི་སྨན་བཅོས་ཚོགས་སྤྱི་དང་མགྲོན་ཁང་།གསོལ་མགྲོན་ཁང་།སྡོད་ཁང་དང་ཚོང་དུད་སོགས་ཀྱིས་དར་མདོའི་སྲོལ་རྒྱུན་གྱི་བག་ཆགས་ཁྲོད་ལུང་ཁུག་དང་ཐབས་ཆག་པའི‘ལྷོ་མཐའ’དེ་དར་རྒྱས་ཕུན་སུམ་ཚོགས་པའི‘ལྷོ་ཁུལ’དུ་གྱུར་ཡོད”ཅེས་བཤད།དུས་རབས་འདིའི་དུས་མགོ་ནས་བཟུང་གྲོང་གསར་གྱི་སྟབས་བདེའི་འགྲིམ་འགྲུལ་གནད་དོན་ཐག་གཅོད་བྱ་ཆེད།སྔ་ཕྱིར་རུ་ཁག་བཅུ་བདུན་ནས་གྲོང་ཁུལ་གསར་པ་བར་དང་།གངས་ཆུ་ཟམ་པ་ནས་དར་མདོའི་སློབ་འབྲིང་བར་གྱི་མྱུར་བགྲོད་བགྲོད་ལམ་གཉིས་སྔ་རྗེས་སུ་བསྐྲུན་ནས་གྲོང་གསར་དང་གྲོང་ཁུལ་རྙིང་པའི་བར་ནུས་ཆེ་དང་སྟབས་བདེའི་འགྲིམ་འགྲུལ་མངོན་འགྱུར་བྱུང་ཡོད།ཉེ་བའི་ལོ་ཤས་རིང་།གྲོང་ཁུལ་གསར་པར་རྟེན་རྫས་བཤམས་མཛོད་ཁང་དང་།ལུས་རྩལ་ཁང་།རིག་གནས་ཁང་།དཔེ་མཛོད་ཁང་སོགས་ཀྱི་སྒྲིག་ཆས་བཙུགས་ཡོད།ད་ཆ་གྲོང་གསར་དེ་ནུས་པ་ཆ་ཚང་དང་།སྒྲིག་བཀོད་ཆ་ཚང་ཡིན་པའི་དེང་རབས་ཅན་གྱི་གྲོང་ཁྱེར་ཆུང་ངུ་ཞིག་ཏུ་གྱུར་ཡོད་པ་རེད།།

ཁ། དར་མདོ་གྲོང་ཁྱེར་གྱི་ཛུགས་སྐྲུན་འཕེལ་འགྱུར་གནམ་ས་བླ་འོག་བསྒྱུར་ལྟར་བྱུང་།
    ཁང་ཀླད་ནི་ཁང་བ་འཛུགས་སྐྲུན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཁང་ཀླད་མི་འདྲ་བ་ལས་ཁང་བའི་ཡག་བཙོག་དང་མི་རྣམས་ཀྱི་འཚོ་བའི་གནས་ཚུལ།སྤྱི་ཚོགས་འཕེལ་རྒྱས་ཀྱི་འཕེལ་རིམ་བཅས་མངོན་པ་བྱེད་ཀྱིན་ཡོད།ཅིང་ལིན་ཀང་གིས་ལོ་ངོ71རིང་གི་ཁང་ཀླད“ནག་པོ”ནས“སྙོམས་པོར”གྱུར་བའི་འགྱུར་ལྡོག་བཤད་པ་བརྒྱུད་ནས་དར་མདོའི་སྡོད་ཁང་གི་འགྱུར་ལྡོག་ལ་གསལ་བཤད་བྱས་པ་རེད།


   ལོ་རབས་བདུན་ཅུ་པའི་གོང་རོལ་དུ། དར་མདོའི་ཁང་བའི་འཛུགས་སྐྲུན་གཙོ་བོ་ནི་ཤིང་རྡོ་ལས་བཟོས་པའམ་ཡང་ན་ཤིང་གི་བཟོས་པ་ཤ་སྟག་ཡིན་ཞིང་།ཁང་བའི་ཀླད་དུ་ཕལ་ཆེ་བའི་རྫ་གཡམ་སྔོན་པོ་བཀབ་ཡོད།གྲལ་འགྲིག་པའི་རྫ་གཡམ་སྔོན་པོས་གྲལ་འཕྲེང་བསྒྲིགས་པར་རྒྱང་རིང་ནས་བལྟས་ཚེ་མིག་ལམ་དུ་མཐོང་བ་ནི་ཁང་ཀླད་ཚང་མ་ནག་པོ་ཡིན་པ་རེད།
   ལོ་རབས་དེའི་སྐབས་སུ། སྲིད་གཞུང་གི་ལས་བྱེད་པའམ་ཡང་ན་སྤྱིར་བཏང་གི་གྲོང་མི་ཚང་མའི་སྡོད་ཁང་གི་ཆ་རྐྱེན་ལ་ཚོད་འཛིན་ཐེབས་པར་བརྟེན།རྫ་གཡམ་སྔོན་པོར་བརྟེན་ནས་ཁང་བར་སྲུང་སྐྱོང་བྱེད་བཞིན་ཡོད།དམིགས་བསལ་གྱི་ར་སྐོར་ཡོད་པའི་ཁྱིམ་ཚང་ཆེན་པོ་རེ་གཉིས་ཕུད་ཁ།ཁྱིམ་ཚང་མང་ཆེ་བ་མི་རབས་གཉིས་སམ་ཐ་ན་མི་རབས་གསུམ་ཚང་མ་ཁང་མིག་དོག་པོ་གཉིས་གསུམ་གྱི་ནང་དུ་མཉམ་འདུག་མི་བྱེད་ཐབས་མེད་ཡིན་པ་རེད།
   ཤིང་གི་ཁང་བའི་ནང་དུ་མགྲོན་པའི་ཚོམས་ཁང་དང་ཐབ་ཚང་མེད་ཅིང་། ཁྱིམ་དུ་ཅོག་ཙེ་དང་ཤིང་སྒམ།རྐུབ་ཀྱག་ཁ་ཤས་ཕུད་རྗེས།ཆེས་གལ་ཆེ་ཤོས་དང་མངོན་གསལ་དོད་ཤོས་ནི་ཉལ་ཁྲི་རེད།ཁང་མིག་རེ་རེའི་ནང་གི་ཉལ་ཁྲིའི་ཐོག་ཏུ་གཅེན་གཅུང་མཉམ་ཉལ་བྱེད་པ་དང་སྤུན་མཆེད་མཉམ་ཉལ་བྱེད་པ།ཁུ་དབོན་མཉམ་སྡོད་བྱེད་པ་བཅས་ནི་རྒྱུན་གཏན་གྱི་འཚོ་བ་ཞིག་རེད།ཁྱིམ་ཚང་མང་པོའི་ཉལ་ཁྲིའི་ཐོག་ཏུ་སོག་མ་བཏིང་ཡོད་ལ་སོག་མ་གང་སར་མི་འཐོར་བའི་ཆེད་དུ།སོ་སྒྱེའམ་རས་རྙིང་གི་ནང་དུ་བཏུམ་ནས་དེའི་སྟེང་དུ་ཉལ་གདན་བཏིང་ཡོད།ཉལ་ཁྲི་ནི་མལ་དུ་ཉལ་ས་རྐྱང་བ་མ་ཡིན་པར་བུ་ཕྲུག་གི་ཡི་གེ་འབྲི་སྦྱོང་བྱེད་ས་དང་།མགྲོན་པོར་སྣེ་སྣེ་ལེན་བྱེད་སའི་རྐུབ་ཀྱག།  ཨ་མའི་སྟོད་གོས་འཚེམ་ས།ཨ་ཕའི་མིག་མངས་རྩེད་སའི་སྟེགས་བུ་ཀྱང་ཡིན།
   སྐབས་དེར།འཛུགས་སྐྲུན་རྒྱུ་ཆའི་དམིགས་བསལ་རང་བཞིན་དང་དེ་བཞིན་འཆར་གཞི་སྒྲིག་བཀོད་མེད་རྐྱེན།ཁང་བའི་རྐུན་འགོག་དང་འཕྲོད་བསྟེན།གསང་བའི་རང་བཞིན་སོགས་ཧ་ཅང་ཞན་ལ།ལྷག་པར་དུ་མེ་ཟོན་གྱི་ནུས་པ་ཧ་ཅང་ཞན་པས་དོ་སྣང་ཕྲན་ཙམ་མ་བྱས་ན་ཁང་བ་མེར་ཤོར་བའི་ཉེན་ཁ་ཧ་ཅང་ཆེ།
   ལོ་རབས་དྲུག་ཅུ་པའི་དུས་མཇུག་ཏུ།རྒྱལ་ཁབ་ཀྱི་དཔལ་འབྱོར་ནུས་པ་རིམ་བཞིན་ཆེ་རུ་ཕྱིན་པས།དར་མདོར་འཛུགས་སྐྲུན་གྱི་མཐོ་རླབས་ཐེངས་དང་པོ་འཕྱུར་ནས་སོ་ཕག་དང་ཤིང་གི་གྲུབ་ཆའི་བཟོ་བཀོད་མང་དུ་བྱུང་།ཁང་ཀླད་དུ་ཡོངས་ཁྱབ་ངང་རྫ་གཡམ་དམར་པོ(མི་རྣམས་ཀྱིས་ཕྱི་རྒྱལ་གྱི་རྫ་གཡམ་ཞེས་བརྗོད་ཀྱི་ཡོད)བཀབ་ཡོད།རྒྱུ་ཆ་བེད་སྤྱོད་བྱེད་པར་སྟབས་བདེ་བསྐྲུན་ཆེད།དར་རྩེ་མདོར་ད་དུང་ཆེད་དུ་རྫ་གཡམ་བཟོ་གྲྭ་བཙུགས་ཡོད་ཅིང་གྲོང་ཁུལ་གྱི“ཁང་ཀླད་ནག་པོ”དེ་རིམ་བཞིན“ཁང་ཀླད་དམར་པོར”གྱུར།

   དེ་དང་མཉམ་དུ་དར་མདོའི་གྲོང་མིའི་སྡོད་ཁང་གི་ཆ་རྐྱེན་ཇེ་ལེགས་སུ་ཕྱིན།ཉལ་ཁང་དང་མགྲོན་ཁང་།ཐབ་ཚང་བཅས་དབྱེ་འབྱེད་གསལ་བོར་ཕྱེ་ཡོད།འོན་ཀྱང་ཆུ་འདོན་སྤྲོད་དང་བཙོག་འབུད་སོགས་ཀྱི་སྒྲིག་ཆས་མི་འདང་བའི་རྐྱེན་གྱིས་གསང་སྤྱོད་ཀྱི་སྒྲིག་ཆས་ཅུང་ཞན།སྐབས་དེར་ཆེད་ལས་ཀྱི་ཁྱིམ་ཆས་ཚོང་ཁང་མེད་པར།རྒྱུ་ཆ་རང་གིས་གྲ་སྒྲིག་བྱས་ནས་ཤིང་བཟོ་ལ་བཟོ་སྐྲུན་བྱེད་དུ་འཇུག་གི་ཡོད་ལ་འཇོན་མི་ལ་ལས་རང་ཉིད་ཀྱི་བཟོ་གི་ཡོད།སྐབས་ཤིག་རིང་།ས་ཁུལ་ཅིག་ནས་སྡོད་ཁང་འཛུགས་སྐྲུན་ལེགས་འགྲུབ་བྱུང་བར།ར་སྐོར་དང་ཁང་བའི་མཛེས་བཟོ་སོགས་ཚང་མར་ལག་རྩལ་ཅན་རྣམས་ཀྱིས་ལག་རྩལ་ངོམས་བཞིན་འགྲན་བསྡུར་བྱས་ནས་ཁྱིམ་ཆས་སྣ་ཚོགས་བཟོ་སྐྲུན་བྱེད་པ་དང་།འཁྲུག་ཆ་དོད་པའི་མཛེས་བཟོ་དེ་དེང་སྐབས་གཞིས་ཁུལ་བསྐྲུན་རྗེས་ཀྱི་སྡོད་ཁང་མཛེས་བཟོ་ལས་ཞན་པ་མེད་པར་སྣང་།ཁྱིམ་ཆས་དེ་དག་ཡུལ་དངོས་ནས་བཟོ་སྐྲུན་བྱེད་པ་ཡིན་ལ་དེའི་ཁར་ཕན་ཚུན་སློབ་སྦྱོང་དང་ལྟ་སྐོར་བྱས་པས།ཁྱིམ་ཆས་ཀྱི་བཟོ་དབྱིབས་ཀྱང་ཉིན་རེ་བཞིན་འཕེལ་རྒྱས་སུ་ཕྱིན་ནས་མི་རྣམས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་བ་བསྐང་།

   ལོ་རབས་བདུན་ཅུ་པའི་མཇུག་ནས་ལོ་རབས་བརྒྱད་ཅུ་པའི་དུས་མགོའི་བར།བཅོས་བསྒྱུར་སྒོ་འབྱེད་བྱས་པས་རྒྱལ་ཁབ་ཀྱི་དཔལ་འབྱོར་ནུས་པ་ཉིན་བཞིན་ཆེ་རུ་ཕྱིན་པ་དང་།འཛུགས་སྐྲུན་གྱི་ལག་རྩལ་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པས་དར་མདོ་གྲོང་ཁུལ་གྱི་འཛུགས་སྐྲུན་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།ཨར་འདམ་ལྕགས་རྩིབ་མའི་སྒྲོམ་གཞིའི་གྲུབ་ཆ་ཡིན་པའི་ཐོག་བརྩེགས་སྡོད་ཁང་མང་པོ་རིམ་བཞིན་བྱུང་བས“ཁང་མིག་གསུམ་དང་།མགྲོན་བསུ་ཚོམས་ཆེན་གཅིགཐབ་ཚང་གཅིགགསང་སྤྱོད་ཁང་གཅིག”དང“ཁང་མིག་བཞི་དང་མགྲོན་ཁང་གཉིས།ཐབ་ཚང་གཅིགགསང་སྤྱོད་ཁང་གཉིས་ཅན”གྱི་སྡོད་ཁང་གི་རྣམ་པ་རྒྱུན་ཆད་མེད་པར་བྱུང་།

   དུས་རབས་འདིའི་ཐོག་མའི་ལོ་ངོ་བཅུའི་ནང་།དར་མདོ་གྲོང་ཁུལ་གྱི་གྲོང་མི་རྣམས་གཞི་རྩའི་ཆ་ནས་བཀོད་སྒྲིག་ལུགས་མཐུན་ཡིན་པ་དང་ཆུ་དང་གློག་ཡོད་པ།ནུས་པ་ཆ་ཚང་བ་ཡིན་ལ་སྤྱོད་ཡུན་རིང་བའི་ཁྱད་ཆོས་དམིགས་བསལ་ལྡན་པའི་དེང་རབས་ཅན་གྱི་སྡོད་ཁང་ནང་དུ་སྡོད་པའི་རྣམ་པ་མངོན་འགྱུར་བྱུང་ལ།སྡོད་ཁང་གི་ཆ་རྐྱེན་དེང་རབས་ཅན་དུ་འགྱུར་བ་དང་བསྟུན་ནས་ནུབ་ཕྱོགས་ཀྱི་ཁྱིམ་ཆས་སྣ་ཚོགས་ཁྱབ་གདལ་བྱུང་ལ།གོས་སྒམ་དང་ཆང་སྒྲོམ།ཕྱི་གླིང་ཉལ་ཁྲི།དེངས་རབས་འབོལ་གདན།སྤྱོད་སྟེགས།འཁྱགས་སྒམ་སོགས་ཁྱིམ་སྤྱོད་གློག་ཆས་སྣ་ཚོགས་གཞི་རྩའི་སྒྲིག་བཀོད་དུ་གྱུར།

   དེང་རབས་ཅན་གྱི་སྡོད་ཁང་གི་ཁང་ཀླད་ཡོངས་ཁྱབ་ངང་སྙོམས་པོར་ཡིན།སྡོད་ཁང་གི་སྤྱོད་རྒྱ་ཆེ་རུ་གཏོང་བ་སོགས་ཀྱི་དགོས་མཁོ་སྐོང་ཆེད།ཁང་བདག་མང་པོས་ཁང་ཀླད་སྙོམས་པོར་སྟབས་བདེའི་ཁང་པ་བསྐྲུན་ཡོད།འོན་ཀྱང་སྟབས་བདེའི་བཟོ་བཀོད་དེ་དག་གིས་སྡོད་ཁང་གི་མེ་གསོད་དང་ཉེན་མེད།དེ་བཞིན་གྲོང་ཁྱེར་གྱི་མཛེས་ལྗོངས་བཅས་ལ་མངོན་མེད་རྐྱེན་ངན་བཟོས་པས་ཤུགས་རྐྱེན་ངན་པ་ཐེབས།ཉེ་བའི་ལོ་ཤས་རིང་ཡུལ་སྐོར་གྲོང་ཁྱེར་གྱི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་གཞིས་ཁུལ་གྱི་ཉེན་ཁ་ཡོད་པའི་མིན་པའི་མངོན་མེད་རྐྱེན་ངན་སྣ་ཚོགས་སེལ་ཆེད།དར་མདོ་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུ་བཏོན་ནས་སྒྲིག་འགལ་གྱི་ཁང་པ་བཤིག་སྟེ་ཁང་སྟེང་དུ་ལུགས་མཐུན་ཡིན་པ་དང་བདེ་འཇགས་ཡིན་པ།བཟོ་དབྱིབས་མཛེས་པའི་རྣམ་པ་ཞིག་རིམ་བཞིན་མངོན་པ་རེད།

   ལོ་འཁོར་དོན་གཅིག་བརྒྱུད་ནས་གྲོང་ཁུལ“རྙིང་པ”ནས“གསར་པར”གྱུར་བ་དང་།ཁང་ཀླད“ནག་པོ”ནས“སྙོམས་པོར”གྱུར། ཅིང་ལིན་ཀང་གིས་དར་མདོའི་སྡོད་གནས་ཀྱི་འཕོ་འགྱུར་ནི་ཀུན་གྱིས་མིག་མཐོང་ལག་ཟིན་དུ་གྱུར་ཡོད།དེས་དར་མདོ་གྲོང་ཁྱེར་དང་ཐ་ན་ཁུལ་ཡོངས་ཀྱི་འཕེལ་རྒྱས་བདེན་དཔང་དང་ཐོ་འགོད་བྱས་ཡོད་པ་མ་ཟད།དཀར་མཛེས་ཀྱི་བུ་ཕྲུག་ཚོའི་ཧུར་བརྩོན་ཡར་སྐྱེད་ཀྱི་འཚོ་བའི་རྣམ་པ་ཡང་མངོན་ཡོད།ད་དུང་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུའི་ཐོག་ཏུ་མུ་མཐུད་དུ་གཏམ་རྒྱུད་གསར་པ་འབྲི་བའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1