ཁྲུང་ཁྲུང་ཁྱུ་ཚོགས་མཚོ་སྔོན་པོར་དགུན་ཁ་སྐྱེལ་བར་སླེབས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 11-29


       གསར་འགོད་པས་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱི་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུད་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་ཆར། མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་དགུན་དུས་ཀྱི་སྐོར་གཡེང་ལྟ་ཞིབ་ཚད་ལེན་ལས་དོན་སྤེལ་འགོ་ཚུགས་ཡོད་པ་དང་། ཁྱོན་ཆུ་བྱའི་རིགས་30ལྷག་ལྟ་ཞིབ་ཚད་ལེན་ཐུབ་ཅིང་གྲངས་འབོར་ཁྲི་18.99ལྷག་ཙམ་ཟིན་ནས་ལོ་གོང་མའི་དུས་མཚུངས་ལས་36.5%འཕར་ཡོད་པ་རེད།
       མཚོ་སྔོན་པོ་ནི་ཆུ་བྱ་འཚོ་གནས་ཁུལ་གལ་ཆེན་ཞིག་ཡིན་ཏེ། འཛམ་གླིང་གི་ཆུ་བྱའི་གནས་སྤོར་སྦྲེལ་ཚིགས་གལ་ཆེན་ཞིག་ཡིན་པ་མ་ཟད། ཆུ་བྱའི་དགུན་ཁ་སྐྱེལ་ས་གལ་ཆེན་ཞིག་ཀྱང་ཡིན། ད་ཐེངས་ལྟ་ཞིབ་ཚད་ལེན་ཐུབ་པའི་ཆུ་བྱའི་རིགས་གཙོ་བོ་མཆུ་དམར་བྱ་གག་དང་། མགོ་དམར་བྱ་གག བྱ་གག་གཤོག་ལྗང་སོགས་ཡིན་ཞིང་། དེ་དག་གིས་ལྟ་ཞིབ་ཚད་ལེན་བསྡོམས་འབོར་གྱི་85.5%བཟུང་ཡོད་པ་དང་། ཆུ་བྱའི་གྲངས་འབོར་ལོ་གོང་མའི་དུས་མཚུངས་ལས་36.5%འཕར་ཡོད། དེའི་ཁྲོད། ཁྲུང་ཁྲུང་560ལྷག་ཙམ་ཡོད་པ་དེ་དག་གཙོ་བོ་ལོ་ལྟར་དགུན་དུས་སུ་གཏན་འཇགས་ཀྱི་འདམ་ར་དང་། མཚོ་འཁྱིལ་གཙང་པོ། ཆོས་རྗེ་གཙང་པོ་སོགས་སུ་གཅིག་སྡུད་བྱས་ཡོད་པ་དང་། སྤྱི་ཟླ་10པར་ལྟ་ཞིབ་ཚད་ལེན་བྱས་པའི་གྲངས་གཞི་དང་བསྡུར་ན་410ལྷག་མང་དུ་ཕྱིན་ཞིང་ལོ་གོང་མའི་དུས་མཚུངས་ལས་230ལྷག་ཙམ་མང་དུ་ཕྱིན་ཡོད་པ་རེད།

       ཁྲུང་ཁྲུང་ནི་མཚོ་སྔོན་པོའི་དགུན་ཁའི་དུས་བྱ་གཙོ་བོ་དེ་ཡིན་པ་དང་། ལོ་ལྟར་གྱི་སྤྱི་ཟླ་9པའི་ཟླ་དཀྱིལ་ནས་ཟླ་སྨད་བར། ཁྲུང་ཁྲུང་རྣམས་རྒྱུད་སྤེལ་ཁུལ་ནས་ཁ་གྱེས་ཏེ་མཚོ་སྔོན་པོར་དགུན་ཁ་སྐྱེལ་བར་ཡོང་བ་དང་། གཙོ་བོ་མཚོ་སྔོན་པོའི་ནུབ་བྱང་ས་ཁོངས་སུ་གཅིག་སྡུད་ཐོག་འཚོ་སྡོད་བྱེད་ཀྱི་ཡོད། ཕྱི་ལོའི་སྤྱི་ཟླ་3པའི་ཟླ་མཇུག་ནས་ཟླ་4པའི་ཟླ་འགོ་བར་མཚོ་དར་ཞིག་རྗེས་རྒྱུད་སྤེལ་ཁུལ་དུ་གནས་སྤོར་གྱི་ཡོད།

       ལོ་རེའི་དགུན་དུས་སུ། ཁྲུང་ཁྲུང་ཁྱུ་ཚོགས་མཚོ་སྔོན་པོར་དགུན་ཁ་སྐྱེལ་གྱི་ཡོད་པས། དེ་ནི་མཚོ་སྔོན་པོའི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ཤིག་ཏུ་གྲུབ་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1