རྔ་བ་ཁུལ་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་ལམ་དུ་སྐྱོད་པའི་གནས་ཚུལ།

གྲགས་པ་བསྟན་འཛིན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བ་ཁུལ་བོད་སྐད་བརྙན་འཕྲིན། སྤེལ་དུས། 12-24



བརྩོན་འགྲུས་རྟ་ལ་ཐབས་ཤེས་ལྕག་གིས་བསྐུལ།། འབྱོར་བའི་ཐང་ཆེན་གཅོད་ལ་སྟེང་མགོ་ཟིན།།
——རྔ་བ་ཁུལ་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་ལམ་དུ་སྐྱོད་པའི་གནས་ཚུལ་རགས་བཀོད།



      དུས་རབས་ཀྱི་རྦ་རླབས་དྲག་ཏུ་འཕྱོ་ཡང་མདུན་སྐྱོད་ཀྱི་གྲུ་གཟིངས་ནུབ་པ་མེད་པར་རླབས་ཀྱི་འགག་འཕྲང་རེ་རེ་བརྟོལ་ནས་མ་འོངས་རྫོགས་ལྡན་བསུ་བའི་ལམ་ལ་བརྟན་ལྷིང་ངེར་སྐྱོད་བཞིན་ཡོད།
      ལྟ་ན་སྡུག་པའི་གཟི་རྩ་སྡེ་དགུ་དང་ཀླུ་གཉན་གསེར་མཚོའི་ལྗོངས་སྐོར་མཛེས་ལྗོངས་ཁུལ། ཝུན་ཁྲོན་གྱི་ཡུན་ཧྲང་ལུང་ཞི་སྐྱེ་ཁམས་རིག་གནས་ལྗོངས་སྐོར་ཁུལ་སོགས་ནི་མཛེས་སྡུག་རྣམ་པར་བཀྲ་ལ། ཝུན་འབར་མྱུར་བགྲོད་གཞུང་ལམ་དང་། རྔ་བ་ནས་འཛམ་ཐང་བར་གྱི་གཞུང་ལམ་སོགས་ནི་དངུལ་གྱི་རྒྱུན་བུ་རིང་མོ་ཞིག་དང་འདྲ་ལ་ལམ་འགྲམ་གྱི་མཛེས་ལྗོངས་ནི་དེ་ལ་བརྒྱུས་པའི་གཡུ་ཡི་ཕྲེང་བ་དང་འདྲ། ཐོན་ལས་སྟོབས་དང་ལྡན་ལ་ཐོན་རྫས་ལེགས་པ། སྐྱེ་ཁམས་མཛེས་ལ་ཁོར་ཡུག་ལེགས་པ། འཚོ་བ་སྐྱིད་ལ་གཞིས་ཁྱིམ་ཕྱུག་པའི་འབྱོར་འབྲིང་གི་རྔ་ཁུལ་ནི་ལྟ་བའི་ཆོག་མི་ཤེས་པ་ཞིག་འདུག
      འབྱོར་བའི་ཕུན་ཚོགས་སྒྲུབ་པ་ལ་ལེ་ལོའི་བརྟུལ་ཞུགས་འཛིན་མི་རུང་། 2020ལོར་སླེབས་སྐབས་རང་ཁུལ་གྱི་ས་གནས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་400ལས་བརྒལ་ནས་སྒོར་དུང་ཕྱུར་411.75ཟིན་ཞིང་། དེ་2015ལོ་ལས་བརྒྱ་ཆ་26.7འཕར་ཡོད་པ་དང་། མི་རེའི་ཆ་སྙོམས་ས་གནས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི་4ལས་བརྒལ་ནས་སྒོར་ཁྲི་4.2ཟིན་ཞིང་། 2010ལོ་ལས་ལྡབ་གཅིག་འཕར་དགོས་པའི་དམིགས་ཚད་སྔོན་དུ་མངོན་འགྱུར་བྱུང་བ་དང་། བཅོལ་དངུལ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་སྟོང་གི་འགག་སྒོ་ཆེན་པོ་ལས་བརྒལ་བ་དེ་2015ལོ་ལས་སོ་སོ་བརྒྱ་ཆ་35དང་བརྒྱ་ཆ་70འཕར་ཡོད་པ་དེས་རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་གོམ་སྟབས་བརྟན་པོ་སྤོས་པ་མཚོན་པ་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོ་མངོན་ཡོད།

 ཞིང་ཕྱུགས་ལས་རིགས་དར་བས་རྫོགས་ལྡན་དུས་ལ་ཉེ་བར་བྱེད།

      སྟོན་དུས་སུ་ཆུ་ཆེན་རྫོང་གསལ་ཡུལ་ཚོའི་ཁེར་མ་གྲོང་ཚོར་སྐྱོད་སྐབས་སྔོ་ཐིང་ངེར་གནས་པའི་སུར་པན་དང་པད་ཁའི་མེ་ཏོག་སོགས་སྔོ་ཚལ་ཐོན་ལས་དར་བའི་རི་མོ་ཞིག་དལ་བུར་མཐོང་ལམ་དུ་མངོན་པ་དང་། གྲོང་མི་ཞུང་ཧོན་ཆུན་གྱིས་སུར་པན་གྱི་ཞིང་ལས་རྩྭ་ལྡུམ་མེད་པར་བཟོས་ཏེ་ཁྱིམ་དུ་ཕག་གསོ་བར་འགྲོ་རྩིས་བྱེད་ཀྱི་ཡོད་ལ། ད་ཆ་ང་ཚོས་ས་ཞིང་ཀུང་སིར་འཁོར་རྒྱུག་ལ་བཏང་ཡོད། ཀུང་སིས་ས་ཞིང་མུའུ་རེ་ནས་ང་ཚོར་སྒོར་800སྤྲོད་བཞིན་ཡོད། དེ་མིན་ང་ཚོ་དུས་རྒྱུན་ཞིང་ནང་དུ་ལས་ཀ་བྱེད་པར་ཡོང་བཞིན་པས་ཀུང་སིས་ང་ཚོར་གླ་ཆ་སྤྲོད་བཞིན་ཡོད་ཅེས་ཁོས་བློ་ཡིད་ཚིམས་པར་བཤད།
      ད་ལོ་ཆུ་ཆེན་རྫོང་གིས་ཁེར་མ་གྲོང་ཚོར་གཅིག་སྡུད་ཀྱིས་སྒྲིག་བཀོད་ཞིང་ལས་ལག་ལེན་བསྟར་བས་རྒྱ་ཁྱོན་མུའུ་300ལྷག་ཟིན་ནས་སུར་པན་སོགས་སྔོ་ཚལ་བཏབ་ཡོད་པ་དང་། ཁེར་མ་གྲོང་ཚོའི་མང་ཚོགས་ཀྱི་བསམ་བློར་རིམ་གྱིས་འགྱུར་ལྡོག་བྱུང་བ་དང་ཆབས་ཅིག་ཚང་མས་རྩེར་སོན་གྱི་ཁྱད་ལྡན་འདེབས་འཛུགས་ལས་རིགས་ལ་ངོས་འཛིན་ལེགས་པོ་བྱས། དེང་རབས་ཀྱི་རྨོ་འདེབས་འཕྲུལ་ཆས་གསར་བ་ཁྱབ་གདལ་ཆེ་བས་མིའི་ངལ་རྩོལ་ནུས་ཤུགས་ལ་གྲོན་ཆུང་ཐུབ་པ་དང་ཐོན་སྐྱེད་ཀྱི་ཕན་ནུས་ཆེ་རུ་ཕྱིན་ཡོད། དེ་དང་ཆབས་ཅིག་ས་གནས་ཏང་ཨུ་དང་སྲིད་གཞུང་གི་འབད་བརྩོན་འོག་རྨང་གཞིའི་སྒྲིག་བཀོད་སྔར་ལས་འཐུས་ཚང་བྱུང་ཞིང་། སྔ་རྗེས་སུ་ཚད་གཞི་མཐོ་བའི་ཞིང་ཁའི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་དང་ཆུ་ཡུར་སོགས་ཆུ་བེད་ཆུ་འདྲེན་གྱི་སྒྲིག་ཆས་གསར་སྣོན་གྱི་རྣམ་གྲངས་ལག་བསྟར་བྱས་པས། ཞིང་ལས་ཐོན་སྐྱེད་ལ་ཧ་ཅང་སྟབས་བདེ་བྱུང་སྟེ་དེང་རབས་ཅན་གྱི་ཞིང་ལས་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་རྒྱུར་རྨང་གཞི་བཏིང་ཡོད།
      མིག་སྔའི་བར་ཁེར་མ་གྲོང་ཚོར་ས་ཞིང་མུའུ་300ལྷག་དང་འཁོར་རྒྱུག་ས་ཞིང་གི་འགྲོ་གྲོན་སྒོར་ཁྲི་24ལྷག་ཟིན་ནས་སྔོ་ཚལ་འདེབས་འཛུགས་རྟེན་གཞི་བཙུགས་པར་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་250ལྷག་ཟིན་པ་དང་། མང་ཚོགས་ཀྱི་ངལ་ལས་གླ་ཆའི་ཡོང་འབབ་སྒོར་ཁྲི་50ལྷག་ཟིན་ཡོད། ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་བ་དང་ཞིང་ལས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱས་པ་བརྒྱུད་གྲོང་མི་ཚོའི་ཕྱུག་འགྱུར་གྱི་རེ་བ་སྐོང་བར་མཐུན་རྐྱེན་ལེགས་པོ་འཛོམས་ཡོད།
      སྔོ་ཚལ་བཏབ་ནས་ཕྱུག་འགྱུར་བྱུང་བ་དེ་ནི་རང་ཁུལ་གྱི་ས་མཐོའི་ལེགས་ཆའི་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བའི་བསྡུས་གཟུགས་ཤིག་རེད། ལྔ་འཆར་བཅུ་གསུམ་པའི་རིང་། རང་ཁུལ་གྱིས་ཤིང་འབྲས་དང་སྔོ་ཚལ་གྱི་ལྟེ་བའི་དཔེ་སྟོན་རྟེན་གཞི་76དང་། གཞི་ཁྱོན་འོས་འཚམ་གྱི་ཚད་ལྡན་ཅན་གྱི་གསོ་ཚགས་ཁུལ་ཆུང་བ་87། དེང་རབས་ཞིང་ལས་དཔེ་སྟོན་གླིང་20བཅས་གསར་སྐྲུན་བྱས་པ་དང་། ཁུལ་ཡོངས་རྒྱལ་ཁབ་ཀྱི་གནོད་མེད་ཞིང་ལས་ཐོན་རྫས་ཐོན་ཡུལ་ཡིན་པ་གཏན་འཁེལ་བྱས་པ་བརྒྱུད། དག་ཞིང་གི་རྔ་བ་ཞེས་པའི་སྤུས་རྟགས་སི་ཁྲོན་གྱི་ས་གནས་ཡོངས་སུ་སྐད་གྲགས་ཆོད།
      ཧུང་ཡོན་རྫོང་ཁྱུང་མཆུ་གྲོང་རྡལ་གྱིས་ས་བབ་ཀྱི་ལེགས་ཆར་གཞི་ཚུགས་པ་དང་ཐོན་ཁུངས་བཟང་བོ་སྟངས་འཛིན་བྱས་ཏེ་དེང་རབས་འབྲོག་ལས་འཕེལ་རྒྱས་གཏོང་རྒྱུ་ཁྲིད་སྟོན་དུ་བྱེད་པ་དང་། འབྲོག་ལས་མཉམ་འདྲེས་འཕེལ་རྒྱས་ཁ་ཕྱོགས་སུ་བྱེད་པ། རྫོང་མཁར་གྱི་ལྟེ་གནས་སྟོབས་ཆེར་གཏོང་བ་དང་། ས་ཁོངས་གསུམ་ལེགས་སུ་གཏོང་བ།གྲོང་རྡལ་ཁོངས་ཀྱི་ཐོན་ལས་གྲུབ་ཆ་ལེགས་སུ་གཏོང་བ། ཐོན་ལས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་བཅས་མཐའ་འཁྱོངས་བྱས་ནས་འབྲོག་པའི་ཡོང་འབབ་འཕར་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་། ད་ལོ་གྲོང་རྡལ་དེར་ཁྱོན་མ་དངུལ་སྒོར་ཁྲི་1796.3བཏང་ནས་གྲོང་གསེབ་དར་རྒྱས་འཛུགས་སྐྲུན་ཐད་སྤྱད།
      མག་སར་གྲོང་ཚོའི་ལྟེ་གནས་གསུམ་དང་སྟག་ལུང་གྲོང་ཚོའི་ལུག་གསོ་ཚགས་རྟེན་གཞི་འདེགས་སྐྱོར་དུ་བྱས་པའི་འབྲོག་པའི་ལྗོངས་སྐོར་མཉམ་འདྲེས་སྔོན་སྐྱོད་ཁུལ་དང་། ར་སྐོར་གྲོང་ཚོའི་ལྟེ་བ་གཅིག་དང་སྐུལ་ཁྲིད་གཉིས་འདེགས་སྐྱོར་དུ་བྱས་པའི་རིག་གནས་དང་ལྗོངས་སྐོར་མཉམ་འདྲེས་དཔེ་སྟོན་ཁུལ། གཟིག་མདོ་གྲོང་ཚོའི་འོ་མའི་རྟེན་གཞི་དང་རྒྱལ་སྤྱིའི་མཁའ་འགྲུལ་འབྲོག་ར་འདེགས་སྐྱོར་དུ་བྱས་པའི་འབྲོག་ལས་སྤུས་རྟགས་ཁུལ་གྱི་ཁུལ་གསུམ་བཅས་ལ་འཕེལ་རྒྱས་ཀྱི་རྣམ་པ་མངོན་ཡོད། མིག་སྔར་གཟིག་མདོ་གྲོང་ཚོའི་ལས་དཔལ་འབྱོར་ལ་ལོ་རེར་སྒོར་ཁྲི་15.5དང་མག་སར་གྲོང་ཚོའི་མཉམ་ལས་དཔལ་འབྱོར་ལ་ལོ་རེར་སྒོར་ཁྲི་15.5ཡི་ཡོང་འབབ་ཡོད་ལ། སྟག་ལུང་གྲོང་ཚོའི་མཉམ་ལས་དཔལ་འབྱོར་ལ་ལོ་རེར་ཡོང་འབབ་སྒོར་ཁྲི་5ཡོད་པ་དང་། ར་སྐོར་གྲོང་ཚོ་ཡོངས་ཀྱི་མཉམ་ལས་དཔལ་འབྱོར་ལ་ལོ་རེར་ཡོང་འབབ་སྒོར་ཁྲི་50.5ཡོད།

 ལྗང་མདོག་བཟོ་ལས་དར་བས་རྔ་བའི་མགོ་འཕང་མཐོན་པོ་ཡིན།
      ལྗང་མདོག་ནི་རྔ་བའི་འཕེལ་རྒྱས་ཀྱི་རྩ་བ་དང་སྐྱེ་ཁམས་ནི་རྔ་བའི་གཞི་རྟེན་ཡིན། རྔ་བ་རུ་སྔོ་ཚལ་དང་། རྟ་ནོར་ལུག་གསུམ་དང་དེ་བཞིན་ས་མཐོའི་ཀྲུང་ལུགས་སྨན་རྫས་སོགས་ཀྱི་ཐོན་ཁུངས་མོད་པས་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་མདུན་ལམ་ཆེན་པོ་ལྡན།
      རྒྱུས་ལོན་པ་ལྟར་ན། ལྔ་འཆར་བཅུ་གསུམ་པའི་རིང་། རང་ཁུལ་དུ་ནུས་ཁུངས་གཙང་མའི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་སྟོང་ཝ་ཁྲི་72ཟིན་ལ། གཞི་གྲངས་ཆེན་མོ་དང་། ཆུ་བཟོས་ཆིང་སོགས་གསར་དར་ཐོན་ལས་དོན་འཁྱོལ་ཐུབ་ནས་རྫས་འགྱུར་བཟོ་ལས་སོགས་སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་བྱས་པ་དང་། ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ལས་སྣོན་དང་། རིག་གནས་ཐོན་རྫས་བཟོ་བ་སོགས་ཁྱད་ལྡན་ཐོན་ལས་ཚད་བརྒལ་འཕེལ་རྒྱས་བྱུང་བ། ཐང་གའི་འཚེམ་དྲུབ་དང་། བཀྲ་ཤིས་པའི་རས་འོ་ལོ། བཙན་ལྷའི་ཤ་མོ་སོགས་ཁྱད་ལྡན་ཐོན་རྫས་ལྗོངས་སྐོར་གྱི་རམ་འདེགས་སུ་གྱུར་ཡོད།
    ལྗོངས་སྐོར་དར་བའི་མ་འོངས་འདུན་པའི་རི་མོ་འབྲི།
      རང་ཁུལ་གྱི་སྐྱེ་ཁམས་དང་རིག་གནས་ལྗོངས་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་ཕན་འབྲས་ཆེན་པོ་ལོན་ཡོད། མི་མང་པོ་གྲོང་ཁྱེར་ནས་གྲོང་གསེབ་ཏུ་ལོག་ནས་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་གྱི་མཛེས་པ་མྱོང་བས། ལྗོངས་སྐོར་གྲོང་ཚོ་མང་པོ་ཞིག་བྱུང་བ་དང་། གྲོང་མི་སྦྱིན་བདག་དང་སྣེ་ཤན་པར་གྱུར་ཞིང་སྒོ་འགྲམ་གྱི་མཛེས་ལྗོངས་ལ་བརྟེན་ནས་ཡོང་འབབ་རག་ཐུབ་བྱུང་།
      ཏ་ཡུས་རིག་གནས་ནི་ཝུན་ཁྲོན་རིག་གནས་བང་མཛོད་ཁྲོད་ཀྱི་ངོ་མཚར་ཆེ་བའི་རིག་གནས་ཤིག་རེད། གནའ་བོའི་གྲོང་རྡལ་གྱི་ངེས་གནས་ལ་གཞི་ཚུགས་ནས་ཝུན་ཁྲོན་ནི་ཏ་ཡུས་རིག་གནས་ཀྱི་འབྱུང་ཁུངས་ཡིན་པའི་སྤུས་རྟགས་བེད་སྤྱོད་གང་ལེགས་བྱེད་པ་དང་། གཏིང་ཟབ་པའི་རིག་གནས་ནང་དོན་སྲུང་སྐྱོང་དང་སྔོག་འདོན། ཁྱད་ལྡན་སྤུས་རྟགས་གཏོད་པ་བཅས་བྱས་ཏེ་ལོ་རྒྱུས་རིག་གནས་ཀྱི་ཉམས་འགྱུར་ཟབ་མོ་ལྡན་པའི་གྲོང་རྡལ་ཆུང་ངུ་དེའི་ཕྱོགས་སུ་ལོ་རྒྱུས་ཀྱི་ཤུལ་བཞག་རེ་རེ་བཞིན་མཐོང་རྒྱུ་ཡོད་པ་བྱས།
      དཔྱིད་མཛེས་སྡུག་གིས་ཁྱབ་ཅིང་སྟོན་འབྲས་བུས་བལྟམས། ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱི་རིག་གནས་ལྗོངས་སྐོར་དང་། ལུས་རྩལ་ལྗོངས་སྐོར། གྲོང་གསེབ་བཅས་མཉམ་འདྲེས་ཀྱི་གོམ་སྟབས་མགྱོགས་སུ་ཕྱིན་ནས་རྫོང་རེར་སྤུས་རྟགས་རེ་བཏོད་པ་དང་། རྫོང་རིམ་པའི་རྒྱལ་ཁབ་ཀྱི་ཁོངས་ཡོངས་ལྗོངས་སྐོར་དཔེ་སྟོན་ཁུལ་1དང་། སྐྱེ་ཁམས་ལྗོངས་སྐོར་དཔེ་སྟོན་ཁུལ་1། ཐེན་ཧྥུའུ་ལྗོངས་སྐོར་གྲགས་ཅན་རྫོང་2བཅས་བཏོད་ལ། A4རིམ་པའི་མཛེས་ལྗོངས་ཁུལ་12གསར་དུ་བསྣན་པས་བསྡོམས་འབོར་ཞིང་ཆེན་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད། Aརིམ་པའི་མཛེས་ལྗོངས་ཁུལ་རྫོང་(གྲོང་ཁྱེར)ཚང་མར་ཁྱབ་པ་བྱས་པས་སི་ཁྲོན་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ཀྱི་ཁོངས་ཡོངས་ལྗོངས་སྐོར་དཔེ་སྟོན་ཁུལ་གྱི་སྔོན་བཀོད་ཆ་རྐྱེན་དང་འཚམ་པའི་ཁུལ་དང་པོར་གྱུར་ཡོད།

      སྐྱེ་ཁམས་ཀྱི་རྨང་གཞི་བརྟན་དགོས་ན་ལྗང་མདོག་འཕེལ་རྒྱས་རྩ་བར་འཛིན་དགོས། སྐྱེ་ཁམས་ཞིང་འབྲོག་ལས་དང་། ལྗང་མདོག་བཟོ་ལས། རིག་གནས་ལྗོངས་སྐོར་ལས་རིགས་བཅས་མཉམ་དུ་འཕེལ་རྒྱས་ཕྱིན་ནས་རྔ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྱད་ཆོས་ལྡན་པའི་ལམ་བུ་འཚོལ་ཞིབ་ཐུབ་ཡོད་ལ། རྔ་བའི་དུས་རབས་གསར་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྱེར་དབྱངས་རྣམ་པར་དགྲོལ་ཡོད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1