ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས་ཞ་མོན་དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་ཏེ་ལོ་40འཁོར་བར་རྟེན་འབྲེལ་ཞུས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-24



     ཤིན་ཧྭ་གསར་འགྱུར་ཁང་ཞ་མོན་ནས་ཟླ་12ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཞ་མོན་དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་ནས་ལོ་40འཁོར་བའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་རྒྱ་ཆེའི་དམིགས་བསལ་ཁུལ་གྱི་འཛུགས་སྐྲུན་པ་ཚོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།
     ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་། ལོ་40ཡི་རིང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཞ་མོན་དཔལ་འབྱོར་དམིགས་བསལ་ཁུལ་གྱིས་གསར་འབྱེད་ཡར་བརྩོན་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་པས། བྱ་གཞག་ཁག་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་ནས་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་ལེགས་སྐྱེས་གལ་ཆེན་ཕུལ་བ་དང་མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་སྐུལ་འདེད་གཏོང་རིང་དམིགས་བསལ་གྱི་ནུས་པ་འདོན་སྤེལ་བྱས་ཡོད། དེ་ཐོག་ནས་ཏང་ཀྲུང་དབྱང་གིས་དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་པའི་འཐབ་ཇུས་བཀོད་སྒྲིག་ནི་རྦད་དེ་ཡང་དག་པ་ཡིན་པ་ར་འཕྲོད་གང་ལེགས་བྱུང་ཡོད་ཅེས་བསྟན་གནང་བ་རེད།
     ཞི་ཅིན་ཕིང་གིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཁྱེད་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས་དང་། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་ཐུབ་པ། དཔའ་ངར་ཆེན་པོས་དུས་རབས་ཀྱི་མདུན་གྲལ་དུ་སླེབས་པ་དང་མདུན་དུ་སྐྱོད་པ། སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ངོགས་གཉིས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་སྔོན་ལ་མངོན་འགྱུར་ཧུར་ཐག་ཡོང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
     ཚེས་21ཉིན། ཞ་མོན་དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཧྥུའུ་ཅན་ཞིང་ཆེན་ཞ་མོན་གྲོང་ཁྱེར་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་བྱས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་ཚོགས་ཆེན་ལ་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་པ་ནི་ཏང་དང་རྒྱལ་ཁབ་ཀྱིས་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་བ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་འཚོལ་ཞིབ་བྱེད་པའི་ལོ་རྒྱུས་ཀྱི་ལམ་བུའི་ནང་གི་གསར་གཏོད་རླབས་པོ་ཆེ་ཞིག་རེད། ལོ་40ཡི་རིང་། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཕྱོགས་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་འོག་རྒྱ་ཆེའི་ཞ་མོན་དཔལ་འབྱོར་དམིགས་བསལ་ཁུལ་གྱི་འཛུགས་སྐྲུན་པ་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཆུད་ཟོས་སུ་མ་བཏང་བས་ཞ་མོན་དཔལ་འབྱོར་དམིགས་བསལ་ཁུལ་གྱི་བྱ་གཞག་ཁག་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད། ཞ་མོན་དཔལ་འབྱོར་དམིགས་བསལ་ཁུལ་གྱི་ལེགས་གྲུབ་ལྡན་པའི་ལག་ལེན་ནི་རང་རེའི་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་བསམ་བློར་བཅིངས་འགྲོལ་གཏོང་བ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ཏེ་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་རླབས་པོ་ཆེ་བཏོད་པའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་རེད། དེ་ཐོག་ནས་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ཁྱད་འཕགས་རང་བཞིན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འོད་སྟོང་འཕྲོ་བའི་མདུན་ལམ་མངོན་ཡོད་ཅེས་གསུངས་པ་རེད།
     ཝང་ཆི་ཧྲན་གྱིས། ང་ཚོས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་བློ་བརྟན་འགྱུར་མེད་ཀྱིས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་སྒོ་དབྱེ་རྒྱ་ཆེར་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་སྐྲུན་བྱེད་པའི་ཆོས་ཉིད་སྐོར་གྱི་ངོས་འཛིན་ཁག་བཅུར་ཕྱོགས་སྡོམ་གཏིང་ཟབ་གནང་བ་དེ་དུས་རབས་གསར་པའི་ཞ་མོན་དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་སྐྲུན་ལ་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་པས། ངེས་པར་དུ་གོ་བ་གཏིང་ཟབ་ལེན་པ་དང་། ཡུན་རིང་མཐའ་འཁྱོངས། དོན་དངོས་དང་ཟུང་འབྲེལ་བཅས་བྱས་ཏེ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་གཏོང་དགོས། ཞ་མོན་གྱིས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་སྒོ་དབྱེ་རྒྱ་ཆེར་གཏོང་རྒྱུའི་ཐད་སླར་ཡང་རྣམ་པ་གསར་པ་གཏོད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་སླར་ཡང་ལེའུ་གསར་པ་རྩོམ་པ། ངོགས་གཉིས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་སླར་ཡང་བྱས་རྗེས་གསར་པ་འཇོག་པ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བའི་ཐད་སླར་ཡང་གྲུབ་འབྲས་གསར་པ་གཏོད་པ་བཅས་ཀྱི་རེ་བ་ཡོད། ཏང་གིས་དཔལ་འབྱོར་དམིགས་བསལ་ཁུལ་གྱི་བྱ་གཞག་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་གཡོ་འགུལ་སྤུ་ཙམ་ཡང་མེད་པར་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་སྟེ་དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་སྐྲུན་བྱེད་ཆེད་ཆབ་སྲིད་ཀྱི་འགན་ལེན་བརྟན་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     ཝང་ཆི་ཧྲན་གྱིས། ཞ་མོན་ལ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། བྱང་ཚད་མཐོ་བ་དང་ཁོར་ཡུག་མཛེས་པའི་དེང་རབས་ཅན་དང་རྒྱལ་སྤྱི་ཅན་གྱི་གྲོང་ཁྱེར་སྔར་བས་ཡག་པོ་སྐྲུན་པ་བཅས་བྱ་སྤྱོད་ངོ་མ་སྤེལ་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུའི་ཐུགས་རེ་གནང་བ་རེད།
     ཚོགས་འདུའི་ཐོག་ཧྥུའུ་ཅན་ཞིང་ཆེན་དང་ཞ་མོན་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་གཙོ་བོ་དང་ཞ་མོན་དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་ནས་ལོ་40འཁོར་བའི་ཕུལ་བྱུང་འཛུགས་སྐྲུན་པའི་འཐུས་མིས་གཏམ་བཤད་སྤེལ་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1