གཙོ་ངོས།>> སྐྱེ་ཁམས།>>ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༢ལོའི་ཟླ་བ་༠༡ཚེས་༠༤ཉིན།

༄༅།། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཁྱད་ཆོས།


1.གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དེ་གླིང་གཅིག་དང་མགོ་ཁུངས་གསུམ་གྱིས་གྲུབ་ཡོད།
        གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་བཀོད་པ་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དང་། འབྲི་ཆུའི་མགོ་ཁུངས(ཨ་ཆེན་གངས་རྒྱབ)། རྨ་ཆུའི་མགོ་ཁུངས། རྫ་ཆུའི་མགོ་ཁུངས་བཅས“གླིང་གཅིག་དང་མགོ་ཁུངས་གསུམ”གྱིས་གྲུབ་ཡོད་པ་རེད། དེའི་ནང་གི་འབྲི་ཆུའི་མགོ་ཁུངས(ཨ་ཆེན་གངས་རྒྱབ)སུ་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཟོ་སྐྱ་དང་ཆུ་དམར་ཆུ་བོའི་སྲུང་སྐྱོང་ཡན་ལག་ཁུལ།དེ་མིན་ད་རུང་གསར་དུ་ཚུད་པའི་འབྲི་ཆུའི་མགོ་ཁུངས་སྐུ་བླ་དར་མདོང་དང་འདམ་ཆུའི་མངའ་ཁོངས་ཀྱང་འདུས་ཡོད། གཙོ་བོ་འབྲི་ཆུའི་མགོ་ཁུངས་ཀྱི་གངས་རི་དང་འཁྱགས་རོམ། ས་བབ་མཐོ་བའི་གཙང་བོ་དང་ཆུའི་བརླན་ས། རྩྭ་ཐང་གི་སྤང་ལྗོངས། ཤིན་ཏུ་དཀོན་པའི་སྲོག་ཆགས་བཅས་ལ་སྲུང་སྐྱོང་བྱེད་ཀྱིན་ཡོད་ལ། ལྷག་པར་དུ་གཙོད་དང་། གསའ། རྐྱང་སོགས་རྒྱལ་ཁབ་ཀྱིས་གཙོ་གནད་དུ་བཟུང་ནས་སྲུང་སྐྱོང་བྱེད་ཀྱིན་པའི་སྲོག་ཆགས་ཀྱི་འཚོ་གནས་ཁུལ་དང་གནས་སྤོའི་བགྲོད་ལམ་གལ་ཆེན་དུ་གྱུར་ཡོད།
        རྨ་ཆུའི་མགོ་ཁུངས་སུ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མཚོ་སྐྱ་རེངས་སྔོ་རེངས་དང་། ཝ་གཞོངས་མཚོ་བཅས་སྲུང་སྐྱོང་ཁུལ་གཉིས་དང་། གཞན་ད་རུང་གསར་དུ་ཚུད་པའི་རྨ་ཆུའི་མགོ་ཁུངས་ཀྱི་ཡུག་གི་གཙང་ལེབ་ཆུའི་མངའ་ཁོངས་ཀྱང་འདུས་ཡོད། གཙོ་བོ་རྨ་ཆུའི་མགོ་ཁུངས་ཀྱི་གངས་རི་དང་འཁྱགས་རོམ། ས་བབ་མཐོ་བའི་མཚོ་དང་མཚེའུ་ཡི་བརླན་ས། ས་མཐོའི་སྤང་ལྗོངས་སྐྱེ་ཁམས་མ་ལག་བཅས་ལ་སྲུང་སྐྱོང་བྱེད་པ་དང་། མཐོ་སྒང་གི་གཅན་གཟན་རིགས་དང་། འདབ་ཆགས་རྩ་ཆེན་གྱི་རིགས།དམིགས་བསལ་དུ་ཡོད་པའི་ཉ་རིགས་ཀྱི་གཞི་རྒྱུའི་ཐོན་ཁུངས་སོགས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད།
        རྫ་ཆུའི་མགོ་ཁུངས་སུ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྒོ་རྫོང་སྨུག་ཁྲ་དང་རྣམ་སྲས་གཉིས་ཀྱི་སྲུང་སྐྱོང་ཁུལ་ཚུད་པ་དང་། གཙོ་བོ་རྫ་ཆུའི་མགོ་ཁུངས་ཀྱི་གངས་རི་དང་འཁྱགས་རོམ། འཁྱག་རུལ་ས་དབྱིབས། རི་མཐོ་གྲོག་རོང་གི་ལྗོན་ཤིང་། སྐྱེ་དངོས་ལ་གནོད་པའི་ཕྱོགས་བསྡུས་བཅོས་སྐྱོང་དང་ཞན་འགྱུར་རྩྭ་ས། དེ་མིན་ས་ཤུན་ཞན་འགྱུར་སླར་གསོ་བྱེད་པར་དམིགས་ནས། གསའ་སོགས་རི་དྭགས་རྩ་ཆེན་རིགས་ལ་སྲུང་སྐྱོང་བྱེད་བཞིན་ཡོད།

2.རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1ལས་བརྒལ་བའི་མཚེའུ160ཡོད།
        གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཞིག་ཡོད། 2005ལོ་ནས2018ལོའི་བར་འབྲི་ཆུའི་མགོ་ཁུངས་དང་རྨ་ཆུའི་མགོ་ཁུངས། རྫ་ཆུའི་མགོ་ཁུངས་བཅས་ཀྱི་ལོ་རེའི་ཆ་སྙོམས་ཀྱི་ཆུའི་ཐོན་ཚད་སོ་སོར་ལི་སྨི་གྲུ་བཞི་མ་དུང་ཕྱུར218.58དང་། ལི་སྨི་གྲུ་བཞི་མ་དུང་ཕྱུར215.14།ལི་སྨི་གྲུ་བཞི་མ་དུང་ཕྱུར136.23ཡིན། གངས་འཁྱགས་དང་གངས་རི་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནང་བཞུར་གྱིན་པའི་ཆུའི་ཆ་ཤས་ཙམ་ཡིན་པ་དང་།གླིང་ཁུལ་དུ་མཚོ་དང་མཚེའུ་མང་པོ་ཡོད་པར་མ་ཟད། ད་དུང་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1ལས་བརྒལ་བའི་མཚོ་དང་མཚེའུ160ཡོད། དེའི་ནང་དུ་ཚྭ་མེད་མཚེའུ་དང་ཚྭ་ཉུང་མཚེའུ་མང་པོ་ཡོད། གླིང་ཁུལ་ནང་གི་ཐོན་ཁུངས་གཙོ་བོ་ནི་མཐོ་གྲང་བརླན་ས་དང་མཐོ་གྲང་རྩྭ་ཐང་ཡིན་པས། གཙང་གསུམ་འབྱུང་ཡུལ་གྱི་ཆུ་མགོ་གསོ་སྐྱོང་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པར་རྨང་གཞིའི་རང་བཞིན་གྱི་གཙོ་ཁྲིད་ཞབས་ཞུའི་ནུས་པ་ཐོན་ཡོད། གླིང་ཁུལ་ནང་དུ་མཐོ་གྲང་སྡོང་ཐུང་དང་རི་མཐོའི་ནགས་ཚལ་ཡོད་པས། ཆུ་ཁུངས་གསོ་སྐྱོང་དང་གཙང་བསྒྱུར། ཆུ་གསོག་འཇོག་དང་མཁོ་འདོན་བཅས་བྱེད་པའི་ས་ཁོངས་གལ་ཆེན་དུ་གྱུར་ཡོད།

3.འཛམ་གླིང་ཡོངས་ཀྱི་ཐུན་མོང་མ་ཡིན་པའི་རང་བྱུང་ཡུལ་ལྗོངས་ཡོད་པ།
        ཁྱད་དུ་འཕགས་པའི་རང་བྱུང་ཡུལ་ལྗོངས་མང་པོ་ཡོད། ཁུ་ནུ་རི་བོའི་རི་རྒྱུད་གཙོ་བོ་དང་དེའི་ཡན་ལག་རི་རྒྱུད་དེ་ཨ་ཆེན་གངས་རྒྱབ་དང་། བ་ཡན་ཧ་རི་དང་། གདང་ལ་རི་བོ་སོགས་ཀྱིས་ངོ་མཚར་བའི་གདོད་མའི་རྣམ་པ་མངོན་ཅི་ཐུབ་བྱེད་ཀྱིན་ཡོད། ཆུ་བོ་དང་མཚེའིུ་སྐར་ཚོགས་ས་ལ་བཀྲམ་པ་ལྟར་གནས་ཡོད་ལ། རྨ་ཆུའི་མགོ་ཁུངས་སུ“མཚེའུ་སྟོང”གི་མཛེས་ལྗོངས་ཡོད་པ་དང་། རྫ་ཆུའི་གྲོག་རོང་དུ་ད་དུང་གནའ་བོའི་གདོད་མའི་ནགས་ཚལ་དང་། ཡངས་ཤིང་རྒྱ་ཆེ་བའི་གནའ་བོའི་གདོད་མའི་རྩྭ་ཐང་། རི་ཀླུང་ཀུན་ཏུ་ཁྱབ་པའི་སྲོག་ཆགས་རྩ་ཆེན་བཅས་ཡོད་པས། འཛམ་གླིང་གི་ས་བབ་མཐོ་བའི་རང་བྱུང་ཡུལ་ལྗོངས་ངོ་མཚར་བ་གྲུབ་ཡོད།
        དཔེ་མཚོན་དུ་རུང་བའི་རང་བྱུང་གི་རྗེས་ཤུལ་མང་པོ་ཡོད་པ། དེ་ནི་འཛམ་གླིང་གི་མི་རབས་གསར་པའི་འགུལ་སྐྱོད་ཀྱི་དཔེ་མཚོན་ས་ཁོངས་ཤིག་ཡིན་ལ། སའི་གོ་ལའི་སྒུལ་ཤུགས་རིག་པ་དང་སའི་གོ་ལའི་བང་རིམ་གྱི་ཆགས་ཚུལ་ལ་ཞིབ་འཇུག་བྱེད་པའི་སྒེའུ་ཁུང་ལྟ་བུའང་ཡིན་པས། ས་གཤིས་ཀྱི་རྗེས་ཤུལ་མང་པོ་ཡོད་པར་མ་ཟད། བྲག་རྡོའི་དུས་རབས་ཀྱི་ཉ་སྲིན་རིགས་ཀྱི་སྲོག་ཆགས་དང་བྲག་རྡོའི་རིགས་མང་པོ་ཞིག་བྱུང་མྱོང་བ་རེད། ཨ་ཆེན་གངས་རྒྱབ་ས་ཁུལ་ནི་ཀྲུང་གོ་དང་ཐ་ན་འཛམ་གླིང་ཐོག་མཚོ་བོད་མཐོ་སྒང་གི་ལོ་རྒྱུས་ཆ་ཚང་ཐོ་འགོད་དང་ས་གཤིས་ཀྱི་རྗེས་ཤུལ་ཉར་ཚགས་ལེགས་པོ་བྱས་ཡོད་པའི་ས་མཐོའི་གཤོངས་ས་ཞིག་ཡིན་པ་དང་། ཀྲུང་གོའི་རྒྱ་ཁྱོན་ཆེས་ཆེ་བའི་འཛམ་གླིང་གི་རང་བྱུང་ཤུལ་བཞག་ཁུལ་ཨང56པར་གྱུར་ཡོད།
        སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་པོ་ཡོད། དེ་ནི་རྒྱལ་ཡོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་ལྡན་པའི་དམིགས་བསལ་ཁུལ་ཨང32ཀྱི་གྲས་ཡིན་ཞིང་། དེའི་ནང་རི་སྐྱེས་ཕྲ་ཕུང་ཆུན་ནས་སྐྱེ་དངོས2238ཡོད་པ་དང་། རྒྱལ་ཁབ་དང་མཚོ་སྔོན་ཞིང་ཆེན་གྱི་གཙོ་གནད་སྲུང་སྐྱོང་བྱ་ཡུལ་དུ་གྱུར་པའི་རི་སྐྱེས་སྲོག་ཆགས་ཀྱི་མིང་ཐོ་ནང་བཀོད་པའི་སྲོག་ཆགས་ཀྱི་རིགས88ཡོད་པས། རྒྱལ་ཡོངས་ཀྱི་རྒྱལ་ཁབ་གཙོ་གནད་སྲུང་སྐྱོང་བྱ་ཡུལ་དུ་གྱུར་པའི་རི་སྐྱེས་སྲོག་ཆགས་ཀྱི32.59%ཟིན་པ་དང་། ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་གཅིག་སྡུད་བྱེད་ཚད་ཆེས་མཐོ་བའི་ས་ཁུལ་ཞིག་ཡིན་པ་དང་། “མཐོ་གྲང་སྐྱེ་དངོས་ཀྱི་གཞི་རྒྱུའི་ཐོན་ཁུངས་མཛོད”ཅེས་པའི་མཚན་སྙན་ཐོབ་ཡོད།

4.རི་སྐྱེས་སྲོག་ཆགས་དང་རྩི་ཤིང་རྩ་ཆེན་རིགས་ཀྱི“གཞི་རྒྱུའི་མཛོད”ཡོད་པ།
        གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་རྩྭ་ཐང་དང་བརླན་ས། ནགས་ཚལ། ཆུ་བོ། མཚེའུ། གངས་རི། འཁྱག་རོམ། གཙང་པོའི་ཆུ་མགོ་དང་རི་སྐྱེས་སྲོག་ཆགས། འཛམ་གླིང་གི་རང་བྱུང་ཤུལ་བཞག་བཅས་གཞི་གཅིག་ཏུ་གྲིལ་ཡོད་པས། སྐྱེ་ཁམས་མ་ལག་གི་འཐུས་ཚང་རང་བཞིན་དང་གདོད་མའི་རང་བཞིན་ལྡན། མངའ་ཁོངས་སུ་བསྡོམས་པས་ས་བོན་རིགས་ཀྱི་རྩི་ཤིང50དང་སྣ་ཁ832ཡོད་པས། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་ས་བོན་རིགས་ཀྱི་རྩི་ཤིང་ཁུལ་དུ་གྱུར་ཡོད།
        རི་སྐྱེ་སྲོག་ཆགས་ཀྱི་མིང་ཐོའི་ཁྲོད་ཚུད་པའི་སྲོག་ཆགས་ཀྱི་རིགས29ནི་ཀྲུང་གོའམ་ཡང་ན་མཚོ་བོད་མཐོ་སྒང་ལ་ཁྱད་དུ་མངའ་བའི་སྲོག་ཆགས་ཀྱི་རིགས་ཡིན་ལ། དེའི་ནང་གསའ་དང་གཟིག་སོགས་རིམ་པ་མཐོ་བའི་རི་སྐྱེས་སྲོག་ཆགས་ཀྱི་བཟའ་བཅའི་ཕྲེང་བ་ཡོད་པ་དང་། གཙོད་དང་རྐྱང་སོགས་རི་སྐྱེས་སྲོག་ཆགས་འཚོ་གནས་དང་གནས་སྤོ་བྱེད་སའི་བགྲོད་ལམ་ཡོད་པས། མཐོ་སྒང་གི་སྲོག་ཆགས་ཕར་འགྲོ་ཚུར་འོང་བྱེད་སའི་ལམ་བུ་གལ་ཆེན་ཞིག་རེད། གསའ་གནས་སའི་རྒྱ་ཁྱོན་ལ་བསྡོམས་པས་སྤྱི་ལེ་གྲུ་བཞི་མ་ཁྲི6.65དང་།སྤུས་ལེགས་འཚོ་གནས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་ཁྲི་བཞི་མ་ཁྲི2.97ཡོད་པས་བསྡུར་གྲངས་ཀྱི24.09%ཟིན་ཡོད།

5.གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དེ་སྤྱི་དམངས་ལ་སྒོ་འབྱེད་སྲིད་དམ།
        དམངས་ཡོངས་ལ་སྤྱི་ཕན་རང་བཞིན་གྱིས་སྒོ་འབྱེད་རྒྱུ་ནི་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་པའི་དགོངས་དོན་གལ་ཆེན་ཞིག་རེད། མིག་སྔར་རང་རྒྱལ་གྱིས་ཐོག་མར་བཙུགས་པའི་རྒྱལ་ཁབ་སྤྱི་གླིང5ཡི་ནང་དུ་ལྟེ་བའི་སྲུང་སྐྱོང་ཁུལ་དང་སྤྱིར་བཏང་ཚོད་འཛིན་ཁུལ་གཉིས་སུ་དབྱེ་སྟེ། ལྟེ་བའི་སྲུང་སྐྱོང་ཁུལ་དུ་སྤྱིར་བཏང་གིས་ཚན་རིག་ཞིབ་འཇུག་དང་། རྟོག་ཞིབ། ལྟ་ཞིབ་ཚད་ལེན་སོགས་ཀྱི་བྱེད་སྒོ་ཁོ་ན་སྤེལ་རྒྱུ་དང་། སྤྱིར་བཏང་ཚོད་འཛིན་ཁུལ་དུ་ས་ཁོངས་བགོས་ཏེ་ཡུལ་སྐོར་པ་དང་སྤྱི་དམངས་ལ་སྒོ་ཕྱེས་ནས། སྤྱི་དམངས་ཀྱི་རང་བྱུང་ཁམས་ལ་དགའ་བ་དང་རང་བྱུང་ཁམས་དང་ཉེ་བར་བཅར་འདོད་ཀྱི་དགོས་མཁོ་བསྐང་ཅི་ཐུབ་བྱེད་ཀྱིན་ཡོད།
        སྒྲིག་སྲོལ་ཚོད་ལྟ་བྱ་ཡུལ་འཛུགས་པའི་གོ་རིམ་ཁྲོད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་འོག་གི་སྡེ་ཁུལ་གསར་པ་བཙུགས་ཏེ། སྡེ་ཁུལ་ཐུན་མོང་དུ་དོ་དམ་བྱེད་པའི་གྲོས་མཐུན་ཁྱབ་སྤེལ་བྱེད་པ། ཁྱིམ་ཚང་གིས་མཉམ་འབྲེལ་གཉེར་སྐྱོང་བྱེད་པ། ཁྱིམ་ཚང་གི་ཕྱུགས་ར་འཕེལ་རྒྱས་གཏོང་བ་བཅས་བྱེད་པ་དང་། རྫ་ཆུའི་གྲོག་རོང་གི་བར་ཁྱམས་དང་རྨ་ཆུའི་ཆུ་མགོར་ལྟ་ཞིབ་བྱེད་པ་སོགས་ཀྱི་ཁོར་ཡུག་སློབ་གསོའམ་སྐྱེ་ཁམས་ཉམས་ལེན་བྱེད་པ་སོགས་ཀྱི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་བྱེད་སྒོ་སྤེལ་ནས། ཁོངས་གཏོགས་ཁུལ་གྱི་འབྲོག་པར་བརྟན་བརླིང་གི་ཡོང་སྒོ་བསྐྲུན་པར་མ་ཟད།སྐྱེ་ཁམས་ཉམས་ལེན་ནང་ཞུགས་པའི་ལྟ་སྐོར་པར“ཀྲུང་ཧྭའི་ཆུ་ལྕོག”གི་ཕུན་སུམ་ཚོགས་པའི་སྐྱེ་དངོས་སྣ་མང་རང་བཞིན་དང་།མཐོ་སྒང་གི་ཁྱད་དུ་འཕགས་པའི་མི་རིགས་རིག་གནས་ཉམས་སུ་མྱོང་དུ་བཅུག་ནས་གཉིས་ཕན་མཉམ་རྒྱལ་གྱི་གྲུབ་འབྲས་ཐོབ་ཏུ་བཅུག་ཡོད། ། 《ནུབ་མཚོ་གྲོང་ཁྱེར་ཚགས་པར》ལྟར།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1