ཏུན་ཧོང་ཡིག་ཚང་ཁྲོད་ཀྱི་འདུན་མ་བསྡུ་བའི་ལམ་ལུགས་ཡང་བསྐྱར་གླེང་བ།

ཞང་སྒོ་བ་བན་དེ་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-25


[གནད་བཏུས] ཏུན་ཧོང་ཡིག་རྙིང་ལས་ཐོན་པའི་བཙན་པོའི་ལོ་ཚིགས་དོན་ཆེན་གནད་བསྡུས་དང་གནའ་རབས་བོད་ཀྱི་ཡིག་ཚང་ཁག་གུང་བསྒྲིགས་ན། འདུན་མ་བསྡུ་བའི་ལམ་སྲོལ་དེ་ནི་རྒྱལ་ཕྲན་སིལ་མའི་དུས་ནས་བྱུང་ཡོད་ཅིང་། ཁྲི་སྲོང་བཙན་གྱི་རིང་ལ་སྔར་གྱི་སྲིད་འཛིན་སྒྲིག་གཞི་དང་ལམ་ལུགས་མང་པོར་བཅོས་སྒྱུར་བཏང་བ་དང་བསྟུན་འདུན་མའི་ལམ་སྲོལ་ཀྱང་སྔར་ལས་འཐུས་ཚང་དུ་བཏང་སྟེ། ཐོག་མར་ཡུལ་དབུས་ནས་ལོ་རེར་འདུན་མ་ཐེངས་རེ་བསྡུ་བའི་ལམ་སྲོལ་ལག་བསྟར་བྱས། རིམ་བཞིན་ལོ་གཅིག་གི་ནང་དབྱར་དགུན་འདུན་གཉིས་བསྡུ་བའི་ལམ་སྲོལ་དབུ་ཚུགས་ཤིང་། སྲིད་ཀྱི་དགོས་མཁོར་དམིགས་ཏེ་མདོ་སྨད་ཕྱོགས་ནས་ཀྱང་དམག་དོན་འདུན་མ་བསྡུ་བའི་སྲོལ་བཙུགས་ཡོད་པས། བཙན་པོའི་རྒྱལ་རབས་ཀྱི་ལོ་རྒྱུས་ཁྲོད་ཆེས་དམིགས་བསལ་གྱི་སྲིད་སྐྱོང་ཐབས་ཇུས་གལ་ཆེན་ཞིག་ཏུ་ཆགས་པའི་སྐོར་བརྗོད་ཡོད།

[གནད་ཚིག] ཏུན་ཧོང་ཡིག་ཚང་། འདུན་མ་བསྡུ་བ། ལམ་ལུགས་བཅོས་སྒྱུར། སྤྱི་ཚོགས་ཀྱི་སྒྲིག་གཞི།

སྤྱིར་བཏང་གི་ཏུན་ཧོང་ཡིག་ཚང་ཁྲོད་ཀྱི་འདུན་མ་བསྡུ་བའི་ལམ་ལུགས་ཀྱི་འབྱུང་ཁུངས་དང་འདུན་མའི་ལམ་ལུགས་བྱུང་བའི་སྤྱི་ཚོགས་ཀྱི་རྨང་གཞི། འདུན་མའི་ལམ་ལུགས་བྱུང་བའི་བསམ་བློའི་རྨང་གཞི། འདུན་མའི་ནང་དོན་བསྡུས་བཤད། འདུན་མའི་གྲུབ་ཆའི་སྒྲིག་གཞི་དང་འདུན་མ་བསྡུ་བའི་ལམ་ལུགས་ཀྱི་ཁྱད་ཆོས་སོགས་མདོར་བསྡུས་ཀྱི་སྒོ་ནས་བསྐྱར་དུ་གླེང་བར་བྱ།

དང་པོ། འདུན་མ་ཞེས་པའི་ཐ་སྙད་བཤད་པ།

བོད་ཀྱི་ལོ་རྒྱུས་རིག་གནས་ཁྲོད་བྱུང་བའི་འདུན་མ་ཞེས་པ་ནི་གྲོས་ཚོགས་ཀྱི་རྣམ་པ་ཞིག་ཡིན་ཏེ། 《བོད་རྒྱ་ཚིག་མཛོད་ཆེན་མོ》ལས། འདུན་མ་ཞེས་པ་ཐབས་ཇུས་དང་ཚོགས་འདུའམ་གྲོས་མོལ་དུ་གོ①ཞེས་པ་དང་།《དུང་དཀར་ཚིག་མཛོད་ཆེན་མོ》ལས། འདུན་མ་ཞེས་པ་གྲོས་ཚོགས་དང་སྐད་ཆ་བཤད་པ། རེ་བ་ཡོད་པའི་ལས་དོན་བཅས་ལ་གོ་རྒྱུ་ཡོད།② ཅེས་གསུངས་པ་བཞིན་འདུན་མ་ཞེས་པ་ནི་ཚོགས་སའམ་ཚོགས་འདུའི་མིང་ཡིན་པ་དང་། མདུན་གྲོས་ནི་གྲོས་བསྡུར་བྱེད་པའི་དོན་ལ་འཇུག་པ། མདུན་ན་འདོན་ནི་རྒྱལ་པོའི་སྐུ་མདུན་གྱི་གྲོས་འདོན་མཁན་ཡིན་པར་གསུངས་པ་བཞིན་བཙན་པོའི་རྒྱལ་རབས་སྐབས་ཀྱི་འདུན་མ་ཡང་གྲོས་ཚོགས་ཀྱི་རྣམ་པ་ཡིན་པ་གཞིར་བྱས། དེར་འདུན་མ་བསྡུ་ཡུལ། བསྡུ་དོན། དབྱེ་བ། གྲུབ་ཆ་སོགས་ཀྱི་ཁྱད་པར་ཡོད་པས་སྲིད་སྐྱོང་ཐབས་ལམ་གྱི་འདུ་ཚོགས་གལ་ཆེན་ཞིག་ཏུ་ངོས་འཛིན་དགོས་པར་སྙམ།འདུན་མའི་ལམ་ལུགས་བཅོས་སྒྱུར་བྱེད་པ་ནི་སྤྱི་ཚོགས་ཀྱི་ལམ་ལུགས་འཐུས་ཚང་དུ་འགྲོ་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་ཡིན་པས། གདོད་མའི་དུས་སྐབས་ཀྱི་འདུན་མའི་རྣམ་པ་དེ་ཡང་ཕན་ཚུན་ལ་གློ་བ་ཉེ་བ་དང་།ཕན་ཚུན་ཡིད་སེམས་མཐུན་པ། ཕན་ཚུན་མཉམ་འབྲེལ་བྱེད་པ་བཅས་ཀྱི་སྐབས་སུ་རང་ཉིད་ཀྱི་ལྷག་བསམ་མཚོན་ཆེད་དུ་ལྷ་ཀླུ་གཉན་བཙན། ཉི་ཟླ་གཟའ་སྐར་སོགས་དཔང་དུ་བཙུགས་ཏེ་མནའ་སྐྱེལ་དམ་བཅའ་འཇོག་པའི་སྲོལ་ལས་བྱུང་བ་ཤེས་ཐུབ། 《ཆོས་འབྱུང་མཁས་པའི་དགའ་སྟོན》ལས། རྫུན་སྤོང་བའི་ཁྲིམས་ལྷ་སྲུང་དཔང་དུ་བྱས་ནས་མནའ་སྐྱེལ་བ①ཞེས་པ་དང་།《རྒྱལ་རབས་གསལ་བའི་མེ་ལོང》ལས། ཡིན་མིན་གྱི་མ་ཚང་བ་བྱུང་ན། ཡུལ་ལྷ་བསྟན་སྲུང་དཔང་དུ་བཙུགས་ནས་མནའ་བྱེད་པ②ཞེས་སོགས་བཀོད་ཡོད་པ་ལས་ཤེས་ཐུབ། བོད་ཀྱི་ལོ་རྒྱུས་སྟེང་འདུན་མ་བསྡུ་བའི་སྲོལ་དེ་དུས་སྐབས་གང་ལ་དར་བ་མི་གསལ་མོད། འོན་ཀྱང་སྤུར་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་འོད་གསལ་ལྷའི་གདུང་ལས་མགོ་ནག་མིའི་མགོན་དུ་སྤྱན་དྲངས་པའི་སྐོར་ལ《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ》ལས། དུས་སྐབས་དེ་ཙམ་ན་བོད་ཁམས་ཕ་དགུ་ལ་རྒྱལ་ཕྲན་བཅུ་གཉིས་ཀྱི་སྲིད་མ་ཐེག་སྟེ། འདུན་མ་བསྡུས་ནས་མཆིད་སྒྲོས་པས། འོ་སྐོལ་ལ་རྗེ་བདེན་པ་མཐུ་དང་རྫུ་འཕྲུལ་ཅན་བཙལ་དགོས་ན་ག་ན་ཡོད་ཅེས་བསྒྲོས་པས། བར་སྣང་ནས་ལྷའི་སྒྲ་བསྒྲགས་པ། བཀའི་བོད་འབངས་མགོ་ནག་གི་རྗེ་འདོད་ན། རྨུ་ཡུལ་ངམ་འབྲང་ལྕམ་འབྲང་བྱ་བ་ན། གནམ་རིམ་པ་བདུན་གྱི་སྟེང་། གསེར་མཁན་གཡུ་བལ་ཅན་གྱི་ནང་ན་ལྷའི་གདུང་རྨུའི་ཚ་ལྷ་རྗེ་གཉའ་ཁྲི་བཙན་པོ་བྱ་བ་བཞུགས་ཀྱི་མགོ་ནག་གི་རྗེར་སྤྱན་དྲོངས་ཤིག་བྱ་བའི་སྒྲ་བྱུང་ངོ་། །③ ཞེས་བཀོད་ཡོད་པ་ལས་འདུན་མ་བསྡུས་པའི་སྐོར་དངོས་སུ་གསལ་ཞིང་། གཞན་ཡང《ལྡེའུ་ཆོས་འབྱུང》ལས། དུས་དེ་ཙམ་ན་རྒྱལ་ཕྲན་བཅུ་གཉིས་ཀྱིས་དབང་བྱེད་པ་ལ་རྒྱལ་ཕྲན་ཆེ་བ་ལ་མ་འཆམ་ནས་བོད་ཀྱི་རྗེ་མ་བཏུབ་པའི་དུས་སུ་ཞང་གསུམ་བློན་བཞི་ལ་སོགས་པ་དང་ཤེས་པ་མཁན་མི་བཅུ་གཉིས་ཀྱིས་མཆིད་སྒྲོས་ནས་རྗེ་བཙལ་ཏེ། སྲིབ་ཀྱི་ལྷ་དཀར་མང་པོ་སྡེ་ལ་རྗེ་སྟུབ་པ་ག་ན་ཡོད་དྲིས་པས། སྨྲས་པ། གནམ་རིམ་པ་ལྔའི་སྟེང་ན། ལྡེ་གཉའ་ཁྲི་བཙན་པོ་བྱ་བ་ལྷའི་སྲས་པོ་རྨུའི་ཚ་བོ་ཡོད་པས་དེ་བདག་གིས་སྤྱན་དྲངས་སོ་ཟེར་ནས④ཞེས་བཀོད་པ་ལས་ཤེས་ཐུབ་པ་ནི། དུས་ཡུན་རིང་བོའི་ནང་དུ་རྒྱལ་ཕྲན་རྣམས་ཕན་ཚུན་འཐབ་རྩོད་ཆེ་བས་གྲོས་མཐུན་གྱིས་གཉའ་ཁྲི་བཙན་པོ་འདི་ཉིད་སྤུར་རྒྱལ་བཙན་པོའི་སྲིད་ལ་མངའ་གསོལ་བ་མཚོན་ཐུབ། ཡིན་ནའང་འདུན་མ་བསྡུ་བའི་སྲོལ་དེ་ནི་སྤུ་རྒྱལ་བཙན་པོའི་རྒྱལ་རབས་མ་བཙུགས་པའི་རྒྱལ་ཕྲན་བཅུ་གཉིས་དང་སིལ་མ་བཞི་བཅུའི་སྐབས་ནས་སྲིད་དོན་ཐག་གཅོད་བྱ་ཐབས་ཀྱི་སྲོལ་ཞིག་ཡོད་པས་ཏུན་ཧོང་གཏེར་ཡིག་ལས་བྱུང་བའི་འདུན་མ་བསྡུ་བའི་སྲོལ་དེ་སྔ་ཤོས་མ་ཡིན་པ་མཚོན་ཐུབ། བཙན་པོའི་རྒྱལ་རབས་སྐབས་ལ་འདུན་མ་རབ་དང་རིམ་པ་བསྡུ་བའི་དམིགས་ཡུལ་ནི་ཆབ་སྲིད་དང་དཔལ་འབྱོར། དམག་དོན། ཆོས་ལུགས། རིག་གནས་བཅས་ཀྱི་ཐད་ནས་གལ་ཆེ་བའི་བྱ་གཞག་ལ་གྲོས་མོལ་གྱིས་གཏན་ལ་ཕབ་སྟེ་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེན་པོ་འཇོག་པ་དེ་ཡིན།

གཉིས་པ། འདུན་མ་བསྡུ་བའི་འཕེལ་རིམ་བཤད་པ།

དེ་ཡང་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ཡིག་ཆ་ལས་དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས་ཚན་བཤུས་སུ་བཀོད་པའི་འདུན་མའི་རིགས་ཀྱི་འཕེལ་རིམ་ལ་བལྟས་ན།སྟག་གི་ལོ་ལ་བབ་སྟེ་ཞེས་མང་སྲོང་མང་བཙན་གྱི་ཁྲི་ལོ་ལྔ་པ་སྟེ་སྤྱི་ལོ654བོད་ཤིང་སྟག་ལོར་བློན་ཆེན་པོ་མགར་སྟོང་བཙན་གྱིས་གྲོས་མགོ་བཟུང་སྟེ་མོང་པུ་སྲལ་འཛོང་ཟེར་བའི་ས་གནས་སུ་ཆབ་འོག་གི་མགོ་གཙོ་རྣམས་འདུས་ནས་འདུན་མ་བསྡུས་ཞེས་པ་ནས། ཡོས་བུའི་ལོ་སྟེ་བཙན་པོ་ཁྲི་སྲོང་ལྡེ་བཙན་དགུང་ལོ་ཉེར་གཉིས་བཞེས་པ་བོད་ཆུ་ཡོས་ལོ་སྤྱི་ལོ763བར་ལོ་ངོ་བརྒྱ་དང་དགུའི་རིང་བོད་ཡུལ་དབུས་དང་མདོ་སྨད་བཅས་སུ་དབྱར་གྱི་འདུན་མ39དང་དགུན་གྱི་འདུན་མ54དང་། མདོ་སྨད་ཀྱི་འདུན་མ་སྟེ་དབྱར་འདུན་དང་དགུན་འདུན་བསྡོམས་པས52བཅས་ཁྱོན་སྡོམ་འདུན་མ་ཐེངས140བསྡུས་པར་སྐད། སྤྱི་ལོ763ལོར་བོད་དུ་མོལ་ཆེན་ཞེས་དམིགས་བསལ་གྱི་འདུན་མ་གལ་ཆེན་ཞིག་ཡོད་པས། འདུན་མ་དེའི་སྟེང་དུ་བྱས་པ་ཅན་གྱི་ཞང་བློན་རྣམས་ལ་གཟེངས་བསྟོད་གནང་བ་དང་། དབྱར་དགུན་གྱི་དུས་ཚིགས་མི་གསལ་བའི་འདུན་མ་ཁག་བཞི་བཅས་བསྡོམས་པས་འདུན་མ་བརྒྱ་དང་བཞི་བཅུ་ལྷག་བསྡུས་པ་གསལ་ཞིང་། ཏུན་ཧོང་ནས་ཐོན་པའི་དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས་ཚན་བཤུས་ནང་དུ་ཁྲི་སྲོང་ལྡེ་བཙན་མན་གྱི་ལོ་ཚིགས་མི་གསལ་བ་དང་སྤྱི་ལོ763ལོའི་མན་གྱི་དོན་གནད་མ་བཀོད་པས་དཔྱད་པར་འཚལ།གཞན་ཡང་དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས་སུ་དངོས་སུ་བཀོད་པའི་འདུན་མ་བསྡུ་བའི་འཕེལ་རིམ་ལས་དབུས་ཀྱི་འདུན་མ་ནི་ཞང་གསུམ་བློན་བཞི་བཅས་དབུས་ཀྱི་འདུན་ས་འཛིན་ཞེས་བོད་ཁམས་སྤྱིའི་ལས་དོན་ཆེ་ཆུང་ཀུན་ལ་བགྲོ་གླེང་སྤེལ་སའི་གྲོས་ཚོགས་ཤིག་ཡོད་པས། དེ་ལ་ཞང་བློན་ཆེན་པོ་དང་བློན་ཆེན་པོ་དག་གིས་གཙོ་སྐྱོང་བྱེད་བཞིན་ཡོད་པ་དང་། འདུན་མ་ཆེ་ཆུང་ཀུན་གྱི་མཇུག་མཐའི་ཐག་གཅོད་ཀྱི་དབང་ཆ་ནི་དབུས་ཀྱི་འདུན་མ་ལ་ཡོད་པས། དབུས་ཀྱི་འདུན་མས་སྲིད་དོན་བགྲོ་གླེང་གི་ཐག་གཅོད་མཇུག་འབྲས་བཙན་པོ་ལ་སྙན་ཞུ་བྱེད་དགོས་ལ་བཙན་པོས་ཐག་གཅོད་ཀྱི་བཀའ་ལུང་གནང་བ་ཡིན། 《བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས》ལས་བཀོད་པའི་འདུན་མ་སྔ་ཤོས་ནི། སྟག་གི་ལོ་ལ་བབ་སྟེ། བཙན་ཕོ་མེར་ཁེ་ནའ་བཞུགས་ཤྀང་། བློན་ཆེན་སྟོང་བཙན་གྱིས། མོང་པུ་སྲལ་འཛོང་དུའ་བསྡུསྟེ། ཐོ་རྒོད་གཡུང་དབྱེ་ཞིང་།མཁོ་ཤམ་ཆེན་ཕོ་བགྱྀ་བའ་རྩིས་མགོ་བགྱྀ་བར་ལོ་གཆྀག① ཅེས་སྟག་གི་ལོ་སྟེ་མང་སྲོང་མང་བཙན་གྱི་ཁྲི་ལོ་ལྔ་པ་སྟེ་སྤྱི་ལོ654བོད་ཤིང་སྟག་ལོར་བཙན་པོ་ཁྲི་མང་སྲོང་བཙན་མེར་ཁེ་ན་བཞུགས་ཤིང་།བློན་ཆེན་མགར་སྟོང་བཙན་གྱིས་གྲོས་མགོ་བཟུང་སྟེ་འདུ་ཚོགས་མོང་པུ་སྲལ་འཛོང་དུ་བསྡུས་ནས་ཞེས་པའི་མེར་ཁེ་ས་མིང་ཡིན་ལ་བཙན་པོའི་བཞུགས་གནས་ཕོ་བྲང་གི་མིང་ཡང་ཡིན། ལ་ལས་བོད་ཀྱི་བཙན་པོ་རིམ་བྱོན་དགུང་དུ་གཤེགས་རྗེས་བང་སོ་འཕྱོངས་རྒྱས་དོན་མཁར་མདའ་རུ་བརྩིགས་པའི་ལོ་རྒྱུས་རྒྱུ་མཚན་བྱས་ཏེ་འཕྱོངས་རྒྱས་ས་གནས་ཡིན་པར་བཤད་པ་དང་། ཡང་འགའ་ཞིག་གིས་ལྷོ་ཁ་གྲ་ནང་རྫོང་གི་བསམ་ཡས་དགོན་པའི་ཉེ་འཁོར་ན་ཡོད་པར་གསུངས། 《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ལས་བྱུང་བའི་བོད་ལྗོངས་ས་ཞིང》ཞེས་པར་མེར་ཀེ་བྱ་བ་ས་གནས་གང་དུ་ཡོད་མེད་ཀྱི་དཔྱད་གཞི་ཡིད་བརྟན་འཕེར་བ་ཞིག་མ་རྙེད་ནའང་།ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ཁོངས་ཀྱི་དབུ་རུ་ཤང་དུ་མེར་ཀེའི་མཁར་ཤུལ་ཞེས་པ་ཞིག་ད་ལྟའང་མཐོང་རྒྱུ་ཡོད་པ་དེ་ནི་དཔྱད་གཞི་ཡ་མཚན་ཅན་ཞིག་ཡིན་པར་མཐོང་བས་དཔྱད་པར་བྱའོ། །② ཞེས་གསལ་བ་དང་། མོང་ནི་གནའ་བོའི་བོད་ཀྱི་རུས་རྙིང་བ་ཞིག་ཡིན་པས་རུས་རྒྱུད་དེའི་གནས་ཡུལ་གཙོ་བོ་ནི་དེང་སང་གི་ལྷ་ས་གྲོང་ཁྱེར་སྟོད་ལུང་རྫོང་གི་རྒྱུད་དུ་དར་ཡོད་པ་ལོ་རྒྱུས་དག་ལས་ཤེས་ཐུབ། མོང་པུ་སྲལ་འཛོང་ནི་མོང་གི་རུས་རྒྱུད་ཆགས་ཁུལ་གྱི་ས་ཆ་ཞིག་ཡིན་ལ་བཙན་པོའི་སྐབས་སུ་བློན་ཆེན་པོས་གཙོ་སྐྱོང་བྱེད་པའི་བོད་ཀྱི་ཆབ་སྲིད་དོན་ཆེན་དང་དམག་དོན་ཞིབ་བཤེར། ཞིང་འབྲོག་གི་དོར་ཀ་ཐུལ་ཀ་བརྩི་བ་སོགས་གལ་ཆེའི་གནད་དོན་སྐོར་གྲོས་བསྡུར་དང་གཏན་འབེབས་གནང་བའི་ཚོགས་འདུ་ཆེན་པོ་ཞིག་ལོ་ལྟར་སྐོང་འཚོགས་བྱེད་པའི་སྲོལ་གཏོད་ས་དེ་ཡིན་པས་ལོ་རྒྱུས་ཐོག་ས་ཆ་གལ་ཆེན་ཞིག་ཡིན། འདུན་མ་དེའི་སྟེང་བོད་ཀྱི་དམག་རུའི་སྒྲིག་གཞི་རྒོད་གཡུང་གི་དབྱེ་བ་འབྱེད་སྐབས་རྒོད་ཀྱི་སྟོང་སྡེ་དྲུག་ཅུ་རྩ་གཅིག་ཕྱེ། གཡང་གི་མི་སྡེ་ཁེང་དང་ཁེང་འབྱེད་ཅེས་རྒོད་ཀྱི་སྟོང་སྡེ་ཞེས་པའི་རྒོད་ནི་འབངས་ཀྱི་ནང་ནས་དྲག་པོ་གཡུལ་གྱི་ལས་ལ་ཞུགས་ཐུབ་པའི་ཕོ་རྒོད་ཀྱི་དོན་ཡིན་པས་དེ་ལྟར་གྲགས། གཡུང་ཞེས་པ་ནི་རྒོད་པའི་ལྡོག་ཟླ་སྟེ་བརྟན་ཞིང་བརླིང་བའི་དོན་ཡིན་ལ། སྐབས་འདིར་ཞི་བའི་ལས་སྒྲུབ་པའི་འབངས་ཀྱི་སྤྱི་མིང་ལ་གོ་དགོས། དེ་ལའང་ནང་གསེས་རྗེ་ཕྲན་དང་། ཁེང་དང་། ཡང་ཁེང་སོགས་རབ་འབྲིང་ཐའི་དབྱེ་བ་ཡོད། གཡུང་གི་ཁོངས་སུའང་རྗེ་བྲན་རིམ་པ་ལྔར་ཕྱེ་བ་དེ་དག་ནི། རང་འོག་ལ་བདག་གཉེར་བྱེད་པའི་དབང་རིས་ཆེ་ཆུང་སྣ་ཚོགས་ཡོད་ཀྱང་། བཙན་པོ་ལ་དཔྱའ་དང་སྐྱེས་སམ། ལས་ཁྲལ་རྒྱུགས་དགོས་པས་འབངས་སུ་གཏོགས་པ་ཡིན་ཞེས་ལོ་རྒྱུས་དེབ་ཐེར་ནང་བཀོད་པ་བཞིན་དབྱེ་ན་རྗེ་དགུ་དང་། རྫི་བདུན། མཁན་དྲུག ཚོང་ལྔ་ཞེས་པ་རྣམས་ནི་རྗེ་ཕྲན་དང་། དེ་མིན་ལས་རིགས་སྣ་ཚོགས་ཏེ་གཞུང་ཕྱོགས་ཀྱི་ཕྱུགས་རིགས་སོགས་ལ་དོ་དམ་བྱེད་མཁན་ནམ། ཡང་ན་ལས་རིགས་དེ་དང་དེ་ལ་དོ་དམ་གྱིས་གཞུང་ལས་སྒྲུབ་མཁན་རྣམས་ཀྱང་གཡུང་གི་ཁོངས་སུ་གཏོགས་ཤིང་། དེ་དག་གི་འོག་ཏུ་གནས་པའི་འབངས་རྣམས་ལ་ཁེང་དང་ཉིང་གཡོག་རྣམས་ལ་ཡང་ཁེང་ཟེར།

ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ལས་དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས་སུ་བཀོད་པའི་འདུན་མའི་སྐོར་ལ་བལྟས་ན། བཙན་པོ་མང་སྲོང་བཙན་གྱི་ཁྲི་ལོ་ཉེར་གསུམ་པ་སྟེ་སྤྱི་ལོ673ནས་བཟུང་དབྱར་འདུན་དང་དགུན་འདུན་ཞེས་པ་དབྱར་དགུན་དུས་ཚིགས་གཉིས་སུ་གྲོས་འདུན་ཐེངས་རེ་བསྡུ་བའི་སྲོལ་བྱུང་བ་ཞིག་ཡིན། དེའང《བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས》ལས། བྱ་གགྀ་ལོ་ལ། བཙན་པོ་དབྱར་སྟོད་ཕོ་དམ་མདོ་ན་བཞུགས་ཤྀང་། དབྱར་སྨད་སུམ་ཆུ་བོར་སྤོ་སྟེ། འདུན་མ་འདོང་ཀའྀ་ནེ་ཙོ་ལུང་དུ་མགར་བཙན་སྙ་ལྡོམ་བུ་ངྔ། ཁྲྀ་འབྲིང་བཙན་བྲོད་གཉྀས་ཀྱིས་བསྡུསྟེ། འབྲོག་མཁོས་ཆེན་པོ་བགྱིས། དགུན་ཕོ་བྲང་ཤངས་གྱྀ་རབ་ཀ་ཙལ་དུ་གཤེགས་ཤྀང་། འདུན་མ་དུངས་ཀྱྀསྟག་ཙལ་དུ་བསྡུསྟེ། མུན་མགྀ་རྐང་ཏོན་བགྱྀས། ཕ་ལོས་བཀུག་པར་ལོ་གཅིག① ཅེས་བཀོད་པར་གཞིགས་ན་བོད་བཙན་པོའི་སྐབས་ལ་རྒྱལ་པོས་དབྱར་དགུན་དུས་ཚིགས་གཉིས་སུ་བཞུགས་གནས་མི་འདྲ་བར་གནས་སྤོས་བགྱི་བའི་རྣམ་པ་ཡོད་ཅིང་། བྱ་གག་གི་ལོ་སྟེ་བོད་ཆུ་བྱ་ལོ་སྤྱི་ལོ673ལོར་བཙན་པོ་མང་སྲོང་མང་བཙན་དབྱར་སྟོད་ཕོ་དམ་མདོ་ན་བཞུགས་ཤིང་། དབྱར་སྨད་སུམ་ཆུ་བོར་སྤོས་ཏེ་ཞེས་པ་ལྟར་ཕོ་དམ་མདོ་ཞེས་པའི་ས་ཆ་དེ་གནས་གང་དུ་ཡོད་པ་མི་གསལ་ཞིང་། 《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ལས་བྱུང་བའི་བོད་ལྗོངས་ས་མིང》ལས་དེང་སང་གཞིས་ཀ་རྩེ་ས་གནས་རྣམ་གླིང་རྫོང་ཁོངས་ཕོ་ཐང་བྱ་བའི་ས་མིང་དེ་དེ་སྔོན་རྒྱའི་སྐད་དུ་བསྒྱུར་སྐབས་དེང་སང་གི་བསྒྱུར་ཡིག་དང་མི་འདྲ་བར་མ་སྒྲ་ཞིག་མིང་གི་མཇུག་ཏུ་བྱུང་བར་བལྟས་ན་དེ་ནི་སྔར་གྱི་ས་མིང་ཕོ་དམ་ཞེས་པའི་སྒྲ་ཇི་བཞིན་དུ་བསྒྱུར་བ་ཞིག་མིན་ནམ་སྙམ②ཞེས་པ་དང་། སུམ་ཆུ་བོ་ཞེས་པའི་ས་ཆ་དེ་གཙང་ཁུལ་ཡར་ཀླུང་གཙང་པོའི་བྱང་རྒྱུད་ཤངས་ཀྱི་ས་ཁོངས་ཏེ། དེང་སང་གཞིས་རྩེ་ས་ཁུལ་རྣམ་གླིང་རྫོང་དང་བཞད་མཐོང་སྨོན་རྫོང་གཉིས་ཀྱི་མངའ་ཁོངས་སུ་ཡོད་ངེས་པ་མ་ཟད། ཞིབ་ཕྲའི་ས་གནས་ཀྱང་རྣམ་གླིང་རྫོང་རྒྱ་མཚོ་ཤང་གི་མངའ་ཁོངས་སུ་ཡོད་པར་སྣང་སྟེ། རིན་འདུས་དང་། རྩེ་གཤོངས། ཕུ་ཐང་བཅས་ཡུལ་ལུང་གསུམ་ནས་འབབ་པའི་ཆུ་བོ་རྣམས་ས་ཆ་དེར་གཅིག་ཏུ་འདུས་པས་མིང་དེ་ལྟར་ཐོགས་པ་ཡིན་ཚོད་འདུག དེར་བཙན་པོའི་ཕོ་བྲང་ཡོད་པ་དང་། བཙན་པོའི་དབྱར་བཞུགས་གནང་ཡུལ་གཙོ་གྲས་ཤིག་ཡིན། དགུན་བཙན་པོའི་ཕོ་བྲང་ཤངས་ཀྱི་རབ་ཀ་ཙལ་དུ་གཤེགས་ཞེས་ལས་ཤངས་ནི་སྐབས་རེ་ཡུལ་ཆེན་ལ་གོ་བ་ཡིན། ཡུལ་ཆུང་ངུའི་སྐབས་རྣམ་གླིང་རྫོང་ཁོངས་ཀྱི་ཤངས་ཆུ་རྒྱུག་ཁུལ་གྱི་ས་ཆ་ཁོ་ནར་འབོད་པ་དང་། ཡུལ་ཆེན་གྱི་སྐབས་གཙང་ཁུལ་ཡར་ཀླུང་གཙང་པོའི་བྱང་རྒྱུད་ཀྱི་ཡུལ་སྤྱིའི་མིང་དུ་སྣང་སྟེ། དེང་སང་གི་བཞད་མཐོང་སྨོན་རྫོང་དང་རྣམ་གླིང་རྫོང་ཁོངས་ཀྱི་ས་ཆ་མང་པོ་ཞིག་དེའི་ཁོངས་སུ་གཏོགས་པ་ཡིན③ཞེས་ས་མིང་མི་འདྲ་བ་དེ་དག་ལས་ང་ཚོས་ཤེས་ཐུབ་པ་ནི་དུས་དེའི་ཚེ་ན་འདུན་མ་བསྡུ་ཡུལ་གཙང་ཕྱོགས་སུ་སྤོས་པ་མཚོན་ཞིང་། མདུན་མའི་རིགས་ཀྱི་ཐོག་ནས་བརྗོད་ན་དབྱར་དགུན་དུས་ཚིགས་གཉིས་སུ་འདུན་མ་མི་འདྲ་བ་གཉིས་བསྡུ་བའི་སྲོལ་བྱུང་། ཡིན་ནའང་དུས་སྐབས་དེར་ལོ་རྒྱུས་ལས་གནས་ཚུལ་ཁྱད་པར་བ་ཡོད་ན་ལོ་རེར་འདུན་མ་བསྡུ་བའི་དུས་ཚིགས་ལ་ངེས་པ་མེད་པ་ཞིག་ཡིན་པ་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་དོན་ཆེན་གནད་བསྡུས་ལས་ཤེས་ཐུབ།
རྗེས་སུ་བོད་བཙན་པོའི་མངའ་ཁོངས་རྒྱ་བསྐྱེད་པ་དང་ཆབས་ཅིག་ཏུ་དབུས་གཙང་གཉིས་ཀྱི་དབྱར་དགུན་གྱི་འདུན་མ་ཙམ་གྱིས་གནད་དོན་མང་པོ་ཞིག་ཐག་གཅོད་བྱེད་དཀའ་བར་བརྟེན། མདོ་སྨད་ཀྱི་འདུན་མ་བྱ་བ་ཞིག་གསར་དུ་བཙུགས་ཏེ་བོད་ཤར་མཐའི་ལས་དོན་གྲོས་གཞི་འདོན་པའི་ཚོགས་འདུའི་རྣམ་པ་གསར་བ་ཞིག་བྱུང་། མདོ་སྨད་ཀྱི་འདུན་མ་དེ་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་སོགས་ལ་བལྟས་ན། ཕལ་ཆེར་སྤྱི་ལོ692ལོར་བྱུང་བ་དང་བཙན་པོ་ཁྲི་འདུས་སྲོང་གི་སྐབས་ཡིན་ལ། ལོ་དེར་མདོ་སྨད་ཀྱི་དགུན་འདུན་མདོ་སྨད་ཀྱི་རྒྱམ་ཤི་གར་དུ་བསྡུས་ཚུལ་གསལ། 《ཆོས་འབྱུང་མཁས་པའི་དགའ་སྟོན》ལས། མངའ་ཐང་ལྷ་འདྲ་མཐུ་རྩལ་ཕ་མཐའ་ཡས། མཐའ་ཡི་རྒྱལ་པོ་དབང་དུ་འདུས་པར་གྱུར། སྔ་གོང་བོད་རྒྱལ་བྱོན་ལས་མངའ་ཐང་ཆེ①ཞེས་བཀོད་པ་ལས་བཙན་པོ་འདི་ཉིད་ཀྱི་རིང་ལ་སྔར་གྱི་བཙན་པོ་གོང་མ་རྣམས་ཀྱིས་དབང་སྒྱུར་བྱས་པའི་མངའ་ཁོངས་བརྟན་འཇགས་ཐོག་མུ་མཐུད་དུ་བྱང་ལི་ཡུལ་སྡེ་བཞི་དང་ལྷོ་འཇང་གི་ཡུལ། ཤར་ཙོང་ཁ་ཆེ་ཆུང་སོགས་མངའ་འོག་ཏུ་བསྡུས་ནས་ཆབ་སྲིད་ཀྱི་མངའ་ཐང་ཕྱོགས་བཞིར་བསྐྱེད་དེ་བོད་ཀྱི་སྤྱི་ཚོགས་མི་ཉམས་གོང་འཕེལ་བྱུང་བ་ཞིག་ཡིན། 《དེབ་ཐེར་དམར་པོ》ལས། དེའི་དུས་སུ་བོད་ཀྱི་རྒྱལ་པོའི་ས་མཐའ་བཞི་ནི་ཤར་ཟུང་ཅེའུ། མུ་ཅེའུ། འུ་ཅེའུ་དང་གསུམ་ཡིན། ལྷོ་ཕྱོགས་བྲམ་ཟེའི་ཡུལ་ལ་སླེབས། ནུབ་ཕྱོགས་འུ་ཐེན་ལ་སླེབས། བྱང་ཕྱོགས་ཧོར་ལ་སླེབས། དེ་རྣམས་བསྐོར་བ་ལ་དཔག་ཚད་མང་པོ་ཡོད་ལ། བོད་ལྟ་བུ་དཔའ་བ་དང་། བརྟུལ་ཕོད་པ། རྒྱའི་རྒྱལ་པོ་ཅན་དང་། གཡུ། ཅེའུ་ལ་སོགས་པའི་དུས་སུའང་བྱུང་བ་མེད་ཅེས་གྲགས་སོ②ཞེས་བཀོད་ཡོད་པ་དང་།གཞན་ཡང《ཆོས་འབྱུང་མཁས་པའི་དགའ་སྟོན》ལས། བྱང་ཕྱོགས་སྐར་མ་སྨེ་བདུན་འཆར་བའི་མཐའ་སྔོན་ནགས་ཤོད་གཟིག་ཕྲེང་ལས་མ་མཆིས་པ་ལ་ག་གོན་དང་། ཧོར། སོག་པོ་བཏུལ་ཏེ་ད་ཤབ་ཧབ་ཀྱི་ལ་རྒྱུད་ལ་གཏུགས་པར་མངའ་མཛད་དོ③ཞེས་བཀོད་ཡོད་པར་བལྟས་ན།བཙན་པོའི་རྒྱལ་རབས་མངའ་ཐང་སྔར་ལས་རྒྱས་པ་དང་།དུས་མཚུངས་སྲིད་སྐྱོང་གི་ལམ་ལུགས་དང་སྒྲིག་གཞི་སོགས་ཕྱོགས་གང་ཅིའི་ཐད་ནས་འཐུས་ཚང་ཅན་དུ་གྱུར་ཡོད་པ་གསལ་ཞིང་། བཙན་པོའི་རྒྱལ་རབས་ལ་མཚོན་ན་དབུས་འདུན་དང་དབྱར་འདུན་དགུན་འདུན་ཙམ་གྱིས་དོན་གནད་གལ་ཆེན་བཀོད་སྒྲིག་བྱེད་མི་ཐུབ་པས། ཡུལ་མདོ་སྨད་ཀྱི་རྒྱ་དང་འ་ཞར་ཐུག་པའི་མཐའ་མཚམས་སུ་གཡུལ་འཁྲུག་མང་སྟབས་དམིགས་བསལ་དུ་མདོ་སྨད་ཀྱི་འདུན་མ་བྱ་བའི་གྲོས་ཚོགས་ཤིག་མདོ་སྨད་ཡུལ་དུ་འཚོགས་པའི་སྲོལ་བྱུང་།

《བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས》ལས། འབྲུག་གི་ལོ་ལ་བབསྟེ། བཙན་པོ་ཉེན་ཀར་ན་བཞུགས་ཤྀང་། དབྱར་འདུན་ཤོང་སྣར་འདུསྟེ། མངན་ཆེན་པོ་དྲུག་དུ་བསྐོས། དགུན་འདུན་སྐྱི་གླིང་རྀངས་ཙལ་དུ་འདུསྟེ། ཁྲམ་དམར་པོ་བཏབ། མདོ་སྨད་གྱྀ་དགུན་འདུན་རྒྱམ་ཤྀ་གར་དུ་འདུསྟེ། སུམ་པའྀ་ཤོ་ཚིགས་བཟུང་བར་ལོ་གཅིག①ཅེས་བཙན་པོ་ཁྲི་འདུས་བཙན་སྲོང་དགུང་ལོ་བཅུ་བདུན་ལ་ཕེབས་པའི་ཚེ་མདོ་སྨད་ཀྱི་རྒྱམ་ཤིང་གར་བྱ་བའི་གནས་སུ་མདོ་སྨད་ཀྱི་དགུན་འདུན་ཚོགས་པ་དངོས་སུ་གསལ་ཞིང་། འདུ་ཚོགས་དེའི་སུམ་པའི་ཤོ་ཚིགས་བཟུང་ཞེས་པའི་སུམ་པ་ཡང་འཇང་རིགས་ཀྱི་ཚོ་བ་ཁག་ཅིག་ཡིན་ལ། ཐོག་མར་རྨ་ཆུ་འབབ་ཡུལ་དུ་གནས་ཤིང་ཕྱིས་ལྷ་སར་གནས་སྤོས་བྱས་རྗེས་སྐྱིད་ཤོད་ལྷ་ས་རྒྱུད་ལྟེ་བ་བྱས་ཏེ་གཞིས་ཆགས་པར་མངོན། 《དུང་དཀར་ཚིག་མཛོད་ཆེན་མོ》ལས། རྒོད་ཚང་སྟོད་སྨད་གཉིས་དང་། ནགས་ཤོད་བཅས་དེང་གི་ས་མིང་དཀར་ཆག་ནང་བར་ཁམས་རྒྱུད་ཀྱི་ས་ཆའི་གྲས་སུ་གསལ་བོར་འཁོད་པ་རྣམས་ཡོངས་སུ་མཐུན་པར་འདུག་པས་མདོ་སྟོད་ཀྱི་ས་གནས་རྣམས་སུམ་པའི་ཡུལ་ལ་ངོས་འཛིན་བྱེད་ཆོག་པ་འདུག་སྙམ②ཞེས་བཀོད་ཡོད་པ་དང་། ཤོ་ཚིགས་ནི་ཁྲལ་བསྡུ་སའི་ས་ཚིགས་ལ་གོ་ཞིང་། སུམ་པའི་ཤོ་ཚིགས་བཟུང་ཞིང་ལས་དོན་དོ་དམ་བྱེད་པའི་གནས་ཚུལ་ལས་སྤུ་རྒྱལ་བཙན་པོའི་ཆབ་སྲིད་ཀྱི་མངའ་ཐང་རིམ་བཞིན་དབུས་གཙང་ནས་མདོ་སྟོད། མདོ་སྨད་བཅས་ཀྱི་ཕྱོགས་སུ་རྒྱ་བསྐྱེད་ཐུབ་པ་དངོས་སུ་མཚོན་ལ་རྒྱལ་དོན་ཐག་གཅོད་གནང་བའི་བྱ་ཐབས་དམིགས་བསལ་ཅན་མདོ་སྨད་ཀྱི་དགུན་འདུན་བྱ་བ་བྱུང་ཞིང་། གཞན་ཡང་མདོ་སྨད་དུ་དབྱར་འདུན་མ་བྱུང་བ་མིན་ལ་དོན་ཆེན་གནད་བསྡུས་སུ་མདོ་སྨད་ཀྱི་དགུན་འདུན་ནམ་མདོ་སྨད་ཀྱི་འདུན་མ་ཞེས་པ་མ་གཏོགས་བཀོད་མེད་པས་ལོ་རྒྱུས་གཞན་དག་ལས་ཤེས་པར་བྱ། ཡོས་བུའི་ལོ་ལ་བོད་ཡུལ་དུ་མོལ་ཆེན་ཞེས་པའི་དམིགས་བསལ་གྱི་འདུ་ཚོགས་ཆེན་པོ་ཞིག་འཚོགས་པའི་སྲོལ་འདི་ཉིད་འདུན་མ་བསྡུ་བའི་རིགས་ལས་ཆེས་གཞི་རྒྱ་ཆེ་ཤོས་ཤིག་ཡིན་པས་ནང་དོན་ཡང་ཁྱད་པར་བ་ཞིག་ཡིན།

གསུམ་པ། འདུན་མའི་ནང་དོན་བཤད་པ།སྤྱིར་བཏང་གི་ཏུན་ཧོང་ཡིག་རྙིང་ལས་སྤྱི་ལོ645ནས763བར་ལོ་ངོ་བརྒྱ་དང་བཅོ་བརྒྱད་བར་གསལ་བའི་བོད་ཡུལ་དབུས་ཀྱི་འདུན་མ་དང་ས་གནས་རང་བཞིན་གྱི་དབྱར་འདུན་དང་དགུན་འདུན་བཅས་ཀྱི་ནང་དོན་མདོར་བསྡུས་སུ་བཤད་ན། འདུན་མ་དང་འབྲེལ་བའི་ལོ་རྒྱུས་ཀྱི་གནད་དོན་ཁག་གི་ཁྱབ་ཁོངས་རྒྱ་ཆེ་ཞིང་ནང་དོན་ཞིབ་ཅིང་ཕྲ་བའི་ཁྱད་ཆོས་གསལ་བོར་མཚོན་ཐུབ། འདུན་མ་སྤྱིའི་ནང་དོན་དང་ཁྱད་ཆོས་ལ་བལྟས་ན།སྲིད་སྐྱོང་གི་སྒྲིག་གཞི་གསར་འཛུགས་དང་ལམ་ལུགས་གཏན་འབེབས། བོད་ཡུལ་དབུས་ཀྱི་རུ་འདྲེན་སྡེ་བཞིའི་དམག་དཔོན་བརྗེ་སྤོར། སྐུ་སྲུང་དམག་གི་མིང་ཐོ་ཁྲམ་ཤིང་དུ་བཀོད་ནས་མིང་གྲངས་གཏན་འཁེལ་གནང་བ། རྗེས་གྲབས་དམག་མི་གསར་བསྡུ། དམག་རྒྱགས་སྒྲུབ་པ།བཙན་པོ་སྒེར་ལ་མངའ་བའི་ས་ཞིང་དང་འབྲོག་རའི་བོགས་མའམ་དཔྱ་ཁྲལ་བསྡུ་ལེན་གྱི་རྩིས་བཤེར་བྱེད་པ། ཞིང་འབྲོག་ཁུལ་གྱི་ཐེམ་དུད་དང་མི་གྲངས་ལ་གཞིགས་ནས་སྲིད་གཞུང་གོང་མ་ལ་འབུལ་འོས་པའི་ཁྲལ་ཁྲིམས་སླར་བཟོ་གཏན་འཁེལ་གནང་བ། ཡུལ་དཔོན་ཚན་པ་སོ་སོས་སྲིད་གཞུང་གོང་མར་ཕུལ་བའི་འོས་བབ་ཀྱི་དཔྱ་ཁྲལ་རྩིས་ལེན། གཞུང་ཕྱོགས་ནས་ས་ཁུལ་སོ་སོར་ཁྲལ་སྡུད་བཏང་བའམ་ཡུལ་སོ་སོར་ཆེད་མངགས་བསྐོ་བཞག་གནང་བའི་མངན་དཔོན་བརྗེ་སྤོར་དང་ཁྲལ་བསྡུ་རྩིས་ལེན་བྱེད་པ། མཐའ་བཞིའི་རྒྱལ་ཕྲན་དང་རྒྱལ་ཁབ་སོ་སོར་དམག་འཁྲུག་དོན་རྐྱེན་བྱུང་བའི་དམག་འཐབ་གྲ་སྒྲིག་བྱེད་པ། རུ་བཞིའི་དམག་དཔོན་དང་ཡུལ་དཔོན་ཁག་ནས་བྱུང་བའི་སྲིད་འགྱུར་གྱི་ནང་འཁྲུག་དུས་བདེ་ཞོད་འཇགས་གཏོང་ཐབས། དཔོན་རིགས་ཆེ་ཁག་ལ་བཀྱོན་ཕབ་ཚེ་དེ་དག་ལ་དབང་བའི་རྟ་ནོར་ཕྱུགས་གསུམ་དང་ཞིང་བྲན་འབངས་སོགས་གཞུང་བཞེས་གནང་སྟེ་རྩིས་ལེན་བྱས་པའི་སྐོར་སོགས་བོད་ཀྱི་སྲིད་འབྱོར་རིག་གསུམ་དང་དམག་དོན་སོགས་གནད་དོན་ཆེ་རིགས་ཁག་བློན་ཆེན་པོ་དང་དེ་བཞིན་སྲིད་གཞུང་གོང་མ་ནས་མངགས་པའི་བཀའ་ཡི་བློན་པོའམ་རུ་སོ་སོའི་དམག་དཔོན་ཡུལ་དཔོན་ཆེ་ཁག་ནས་འདུན་མ་བསྡུས་ཏེ་ཐག་གཅོད་བྱེད་པ་ཞིག་ཡིན།

བཞི་པ། འདུན་མའི་གྲུབ་ཆ་བཤད་པ།
སྤྱིར་བཏང་གི་བོད་ཀྱི་ལོ་རྒྱུས་ལས་འདུན་མ་བསྡུ་བའི་གྲུབ་ཆ་ལ་འཛོམ་དགོས་པའི་ཆ་རྐྱེན་བཙན་པོ་དང་བློན་ཆེན། ཞང་གསུམ་བློན་བཞིས་དབུས་ཀྱི་འདུན་ས་འཛིན་པ་དེ་ཡང་ཏུན་ཧོང་ནས་ཐོན་པའི་ལོ་རྒྱུས་ཡིག་ཆ་ལས། ཁྱིའི་ལོ་ལ་བབ་སྟེ(སྤྱི་ལོ650)བཙན་པོ་མྱེས་ཁྲྀ་སྲོང་རྩན་གྱྀ་སྤུར་ཕྱྀང་བའྀ་རིང་ཁང་ནའ་རིང་མཁྱུད་ཆྀང་བཞུག་སྟེ། བཙན་པོ་སློན་ཁྲྀ་མང་སློན་མང་རྩན་མེར་ཀེ་ན་བཞུགས་ཕར་ལོ་གཅིག① ཅེས་སྲོང་བཙན་སྒམ་པོའི་རྗེས་སུ་བཙན་པོ་མང་སྲོང་མང་བཙན་བོད་ཀྱི་ཁྲི་ལ་བཞུགས་ཤིང་། བཙན་པོ་མང་སྲོང་གི་ཁྲི་ལོ་ལྔ་པའི་ཤིང་སྟག་ལོ་སྟེ་སྤྱི་ལོ654ནས་བཟུང་འདུན་མ་བསྡུ་བའི་སྲོལ་བྱུང་ཞིང་བློན་ཆེན་པོས་གཙོ་སྐྱོང་བྱེད་པའི་འོག་འབྲེལ་ཡོད་ཀྱི་མི་སྣ་རྣམས་འཛོམས་ཏེ་ཆབ་སྲིད་ཀྱི་དོན་ཆེན་དང་དམག་དོན་ཞིབ་བཤེར། ཞིང་འབྲོག་གི་དོར་ཀ་དང་ཐུལ་ཀ་རྩིས་ལེན་སོགས་གལ་ཆེའི་དོན་གནད་སྐོར་གྲོས་བསྡུར་དང་གཏན་འབེབས་གནང་བའི་འདུ་ཚོགས་ཆེན་པོ་དེ་ལོ་ལྟར་སྐོང་འཚོགས་བྱེད་པའི་ལུགས་སྲོལ་ཡང་བྱུང་།བོད་ཀྱི་གནའ་རབས་ལོ་རྒྱུས་ལས་འདུན་མའི་གྲུབ་ཆ་ལ་འཛོམས་དགོས་པའི་ཆ་རྐྱེན་ནི་བཙན་པོ་དང་བློན་ཆེན། ཞང་གསུམ་བློན་བཞིས་དབུས་ཀྱི་འདུན་ས་འཛིན་པ་ནས་ཆབ་སྲིད་དང་དཔལ་འབྱོར། དམག་དོན། རིག་གནས་བཅས་ཀྱི་བྱ་གཞག་ཐམས་ཅད་རྒྱལ་བློན་འདུ་འཛོམས་ཐོག་རྒྱས་གྲོས་གནང་སྟེ་གྲོས་དོན་ཐག་གཅོད་དང་ཞིབ་ཕྲའི་སྲིད་ཇུས་གཏན་འཁེལ་གྱིས་བཙན་པོའི་ཆབ་སྲིད་དང་དབང་སྒྱུར་ལམ་ལུགས་སྔར་ལས་ཇེ་བརྟན་དུ་གཏོང་དགོས་པ་ཞིག་ཡིན།

《བཙན་པོའི་རྒྱལ་རབས་སྐབས་ཀྱི་འདུན་མ་བསྡུ་བའི་ལམ་ལུགས་ལ་དཔྱད་པ》ལས་བོད་བཙན་པོའི་རྒྱལ་རབས་ཀྱི་ཆེས་མཐོའི་སྲིད་འཛིན་པ་ནི་བཙན་པོ་ཡིན་པ་དང་། བཙན་པོའི་འོག་ཏུ་ཆབ་སྲིད་ཀྱི་བློན་པོ་ཆེན་པོ་དང་ནང་བློན། ཕྱི་བློན་སོགས་བློན་པོའི་རིམ་པ་མི་འདྲ་བས་བོད་དབུས་གཞུང་འདུན་ས་འཛིན་བཞིན་ཡོད①ཅེས་བཀོད་ཡོད་པ་ལྟར། ང་ཚོས་བོད་ཀྱི་གནའ་རབས་ལོ་རྒྱུས་ཁྲོད་ནས་གདོད་མའི་སྤྱི་ཚོགས་ནས་བྲན་གཡོག་ལམ་ལུགས་ཀྱི་སྤྱི་ཚོགས་ལ་བར་བརྒལ་བྱུང་བ་ནས་བཟུང་བཙན་པོ་ལ་ལྷ་དབང་སྨྲ་བའི་བསམ་བློས་བསྒྱུར་བཀོད་བྱས་ནས་དབང་ཆ་ཁྱད་པར་བ་ཞིག་སྤྲད་ཡོད་པ་ནི་མིའི་རིགས་ཀྱི་སྤྱི་ཚོགས་གོང་འཕེལ་འགྲོ་བའི་བརྒྱུད་རིམ་ཞིག་ཡིན། བཙན་པོ་ཉིད་བོད་ཀྱི་ལྷ་རབས་ལོ་རྒྱུས་དང་མངའ་དར་ལོ་རྒྱུས། གྱེས་མདོའམ་སིལ་ཆད་ལོ་རྒྱུས་ཕྱོགས་གང་ཐད་ནས་བལྟས་ན་ལྷ་དབང་སྨྲ་བའི་བསམ་བློས་བཙན་པོའི་དབང་ཐང་དང་སྙན་གྲགས་མཚོན་པར་མ་ཟད། བཙན་པོའི་དབང་ཐང་གི་འདུ་ཤེས་གྲུབ་བྱེད་ཀྱི་རྒྱུ་གཙོ་བོ་ཡིན་པས་དེ་ནི་བོད་ཀྱི་གདོད་མའི་ཆོས་ལུགས་སུ་གནམ་ལ་དད་མོས་ཤུགས་ཆེར་བྱེད་པའི་མཇུག་འབྲས་ཀྱང་ཡིན།

སྤྱིར་བཙན་པོ་ཞེས་པ་ནི《ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས》ལས། དེའི་སྲོལ་ལ་མི་དཔའ་སྟོབས་ཅན་ལ་བཙན་དང་། སྐྱེས་པ་ལ་ཕོ་རུ་འབོད་པས་རྗེ་ལ་བཙན་ཕོར་གྲགས་ཤིང②ཞེས་དང་། གཞན་ཡང་། 《དེབ་ཐེར་དཀར་པོ》ལས། དེ་ཡང་བཙན་པོ་དང་རྗེ། རྒྱལ་པོ། མངའ་བདག བླ་སོགས་ནི་སྔོན་གྱི་བརྡ་ཡིན་ཞིང་། ས་སྐྱོང་དང་མི་དབང་སོགས་ནི་ལེགས་སྦྱར་སྐད་ཀྱི་བྷཱུ་བྰ་ལ་དང་ན་རེནྡྲ་སོགས་བསྒྱུར་བར་འདུག་པས་བསྟན་བཅོས་ཀྱི་ཐ་སྙད་ཙམ་ཡིན་ནོ། ། ③ཞེས་གསུངས་པ་ལྟར་བཙན་པོ་ཞེས་པའི་ཐ་སྙད་བྱུང་ཚུལ་གྱི་ཆ་ལ་གསལ་བོ་གསུངས་ཡོད་པས་དེ་ལའང་དབང་ཐང་ཡང་ཁྱད་པར་བ་ཞིག་ཡོད་པ་ལོ་རྒྱུས་ཡིག་རྙིང་ལས་གསལ། ཡིན་ནའང་། བཙན་པོ་ནི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། དམག་དོན་ལ་སོགས་པའི་དབང་ཆ་ཐམས་ཅད་ཡོད་པའི་དཔོན་རིགས་ཀྱི་རིམ་པ་མཐོ་ཤོས་ཡིན་པ་དང་། ཆབ་སྲིད་ཀྱི་དབང་ཆ་རྣམས་བཙན་པོས་གཅིག་བསྡུས་བྱས་ནས་བཟུང་ཡོད། བཙན་པོའི་གདུང་རྒྱུད་ཀྱི་རྒྱུད་འཛིན་ཐད་ནས་གདུང་མི་འགྱུར་བར་གདུང་ཁུངས་གཅིག་གིས་རྒྱུད་འཛིན་དགོས་པ་དེའང་གདུང་རྒྱུད་ཕོ་ཡིས་འཛིན་པ་དང་། སྤྱིར་བཏང་དོན་རྐྱེན་གཞན་མ་བྱུང་ན་སྲས་ཆེ་བས་རྒྱལ་རྒྱུད་འཛིན་པ་དང་། རྒྱལ་སྲིད་སྤྲོད་ལེན་ཐད་ནས་རང་འགུལ་དང་གཞན་དབང་། རང་བཞིན་བཅས་ཀྱི་སྒོ་ནས་སྲིད་དབང་བཙན་པོ་ཕྱི་མས་འཛིན་དགོས་པ་ཞིག་ཡིན།

བོད་ཀྱི་གནའ་རབས་ལོ་རྒྱུས་ཡིག་ཆ་ལས་བློན་ཆེན་ཞེས་པའི་ཐ་སྙད་མང་དུ་བྱུང་ཞིང་། ལྷག་པར་དུ་སྐབས་དོན་འདུན་མ་བསྡུ་བའི་སྲོལ་བྱུང་བ་ནས་བཟུང་དཔོན་གནས་དེ་བོད་ཀྱི་དཔོན་རིགས་བསྐོ་བཞག་ལམ་ལུགས་ཁྲོད་དཔོན་གནས་རྩེར་སོན་ཅིང་འདུན་མ་སྐོང་ཚོགས་ཀྱི་མི་སྣ་གཙོ་བོ་ཞིག་ཏུ་གྱུར་ཅིང་དེ་ནི་འདུན་མའི་གྲུབ་ཆ་ལས་མེད་དུ་མི་རུང་བ་ཞིག་ཡིན་པ་མཚོན་ཐུབ། 《བཙན་པོའི་རྒྱལ་རབས་སྐབས་ཀྱི་འདུན་མ་བསྡུ་བའི་ལམ་ལུགས་ལ་དཔྱད་པ》ལས་བློན་ཆེན་བྱ་བ་འདི་ནི་བོད་བཙན་པོའི་སྐབས་ཀྱི་ཆབ་སྲིད་ཀྱི་བློན་པོ་བཀའ་ཆེན་པོ་ལ་གཏོགས་པའི་གྲས་ཤིག་ཡིན་པ་དང་། སྐབས་དེར་ཕྱི་ནང་གི་ཆབ་སྲིད་ཐོབ་དབང་ཆེན་པོ་མངའ་བའི་སྤྱི་སྲིད་བགྱི་མཁན་ཡིན། བློན་ཆེན་གྱི་དཔོན་གནས་འདི་བོད་དུ་དུས་ནམ་ཞིག་ལ་བྱུང་ངམ་ཟེར་ན། བཙན་པོ་སྲོང་བཙན་སྒམ་པོས་ཆབ་སྲིད་ལམ་ལུགས་སྣ་ཚོགས་བཟོ་མགོ་མ་བརྩམས་པའི་ཡར་སྔོན་གྱི་དུས་ཡུན་རིང་མོ་ཞིག་ནས་བྱུང་ཡོད①ཅེས་བཀོད་ཡོད་པ་དང་། གཞན་ཡང་།《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》ལས། བཙན་པོ་ལྡེ་པྲུ་བོ་གནམ་གཞུང་རྩན་གྱྀ་རིང་སླན་ཆད། བློན་ཆེ་བགྱིས་པའྀ་རབས་ལ། གནའ་ཐོག་མ་འདའར་ཀྱྀ་བུ་སྟོང་དར་རྗེ་བྱས་ཏེ། འཛངས་ལ་དཔའ་འོ②ཞེས་བཙན་པོ་དེའི་རིང་ལ་བློན་ཆེན་ཐོག་མ་འདའར་གྱི་བུ་སྟོང་དར་རྗེ་བྱ་བས་བགྱིས་ཚུལ་གསལ་ཞིང་། དེ་ནས་བཟུང་བཙན་པོ་རེ་རེའི་དུས་ལ་བློན་ཆེན་གྱི་དཔོན་གནས་འདི་རྒྱུན་མར་བསྐོས་ཡོད་པ་ཞིག་ཡིན་པས། བློན་ཆེན་གྱི་ལས་འགན་གཙོ་བོ་ནི་ཁྲིམས་སྲོལ་སྣ་ཚོགས་བཟོ་བ་དང་བཙན་པོའི་ཚབ་བྱས་ཏེ་སྲིད་དོན་སྒྲུབ་པ། འདུན་མ་བསྡུ་བ། གཡུལ་གྱི་དཔུང་བཏེགས་ཏེ་ཁབ་མཐའ་རྒྱ་བསྐྱེད་པ། ཕྱི་འབྲེལ་གྱི་ལས་ལ་ཞུགས་པ་སོགས་ཡིན།ཞང་གསུམ་བློན་བཞིས་དབུས་ཀྱི་འདུན་ས་འཛིན་ཞེས་པ་དེ་ཡང་། 《ཆོས་འབྱུང་མཁས་པའི་དགའ་སྟོན》ལས། དེས་ན་ལྷ་ཐོ་ཐོ་རི་གཉན་བཙན་ཡན་ལ་བཙན་ལྔ་ཟེར་རོ། ། དེ་ཡི་བཙུན་མོ་རྣོ་ཟ་མང་དགར་ལ། ། ལྷ་སྲས་ཁྲི་གཉན་གཟུངས་བཙན་ཞེས་པ་འཁྲུངས། ། སྲས་ཀྱིས་རྣོ་ལ་ཞང་དུ་བོས་པ་ཡིས། ། ཞང་དུ་རྣོ་ལྔ་རུས་ལ་དེར་མིང་ཆགས། ། དེ་ཡན་ལ་ཞང་པོ་ལ་ཇོ་བོ་ཞེས་འབོད་སྐད། །③ཅེས་བཀོད་ཡོད་པ་བཞིན་བཙན་པོ་ཁྲི་གཉན་གཟུངས་བཙན་ནས་བཙན་པོའི་ཆོ་འབྲང་དུ་གཏོགས་པའི་མིང་པོ་ལ་ཞང་པོར་འབོད་པས་བོད་ཀྱི་ལོ་རྒྱུས་ཐོག་ཏུ་བཙན་པོའི་ཞང་པོ་ལ་སྲིད་ཀྱི་དབང་ཆ་ཆེན་པོ་ཡོད་པས་ཞང་བློན་དུ་འབོད་པ་དང་། ཞང་བློན་ནི་བཙན་པོ་རང་གི་འཁྲུངས་ཡུལ་གྱི་རུས་ཚོའི་མགོ་གཙོ་དང་།བཙན་པོ་གོང་མ་རྣམས་ཀྱི་ཆོ་འབྲང་དུ་གཏོགས་པའི་རིགས་རུས་ཀྱི་མགོ་གཙོ་ལ་ཞང་བློན་ཞེས་ལས་གནས་འདྲ་བའི་བློན་པོ་ལས་མིང་གི་ཐོབ་ཐང་ཆེ་བ་ཡིན། བོད་ཀྱི་གནའ་རབས་ལོ་རྒྱུས་དེབ་ཐེར་ནང་དུ་དགུང་བློན་དང་ནང་བློན་སོགས་ཀྱི་ནང་དུ་ཞང་བློན་གྱི་མིང་ཅན་མང་པོ་ཞིག་མཐོང་རྒྱུ་ཡོད་པས་ཞང་བློན་སོ་སོའི་འཇོན་ཐང་ལ་བལྟས་ནས་དགུང་བློན་དང་ནང་བློན་གྱི་འགན་དབང་སྤྱོད་ཐུབ་པ་ལས་ཞང་བློན་རང་ལ་དམིགས་བསལ་གྱི་འགན་དབང་ཞིག་མེད་པ་ལོ་རྒྱུས་ལས་ཤེས་ཐུབ། 《ཆོས་འབྱུང་མཁས་པའི་དགའ་སྟོན》ལས།སྟོད་ན་འབྲོ། སྨད་ན་མཆིམས། བར་ན་སྣ་ནམ། བློན་པོ་སྦས་རྣམས་ལ་ཞང་གསུམ་བློན་དང་བཞི་ཞེས་སྐུ་ཞང་དང་བློན་ཆེན་གྱི་བྱ་བ་བྱེད་དོ། ། ①ཞེས་ཞང་གསུམ་དང་བློན་གཅིག་བཅས་ཞང་བློན་བསྡོམས་པས་བཞི་ཡིས་དབུས་ཀྱི་འདུན་ས་འཛིན་གྱི་ཡོད་པ་དང་།གཞན་ཡང《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》ལས་ཞང་གསུམ་བློན་བཅས་དབུས་ཀྱི་འདུན་ས་འཛིན། ཞེས་པ་ནི་བཙན་པོའི་འོག་ཏུ་ཡབ་མེས་ཡུམ་རྒྱུད་ཀྱི་ཞང་པོ་གསུམ་དང་བློན་ཆེན་པོ་བཅས་ཀྱིས་སྲིད་དོན་གལ་ཆེན་གྲོས་མོལ་བྱེད་པའི་ཞང་བློན་ལྷན་འཛོམས་ཀྱི་མིང་ཡིན།② ཞེས་བཀོད་ཡོད་པས། བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེ་བཙན་དུས་སུ་ཞང་གསུམ་བློན་བཞིས་བློན་ཆེན་པོའི་འགན་འཁུར་ཞིང་བོད་བཙན་པོའི་རྒྱལ་རབས་ཀྱི་སྲིད་ཀྱི་གྲོས་ཁ་གཅོད་བཞིན་ཡོད་པ་ཞིག་ཡིན། བློན་ཆེན་རྣམས་ཀྱི་འགན་དབང་གཙོ་བོ་ནི་རུ་ཆེན་ཁག་ལ་བཀོད་འདོམས་ཀྱིས་ནང་སྲིད་སྐྱོང་བའི་གལ་ཆེན་ལས་དོན་གཉེར་སྐྱོང་དང་། ཕྱི་འབྲེལ་གྱི་བྱ་བ། དྲག་པོ་གཡུལ་གྱི་ཇུས་གཞི་འདོན་པ། བཀའ་ཁྲིམས་ལག་བསྟར་བྱེད་པ་སོགས་རྒྱལ་ཁབ་སྤྱིའི་ཆབ་སྲིད་དང་། དཔལ་འབྱོར། དམག་དོན། རིག་གནས་བཅས་ཀྱི་བྱ་བ་གལ་ཆེན་རྣམས་ལ་རྒྱལ་བློན་འདུ་འཛོམས་ཐོག་ཞིབ་པར་རྒྱས་གྲོས་གནང་སྟེ་གྲོས་དོན་ཐག་གཅོད་དང་ཞིབ་ཕྲའི་སྲིད་ཇུས་གཏན་འཁེལ་གྱིས་བཙན་པོའི་ཆབ་སྲིད་དང་དབང་སྒྱུར་ལམ་ལུགས་གསར་རྙིང་སྔར་ལས་ལྷག་པའི་གཏོང་བའི་ཐབས་ལམ་ལ་འཇུག་རྒྱུ་དེ་ནི་བོད་བཙན་པོའི་སྐབས་ཀྱི་འདུན་མ་བསྡུ་བའི་ལོ་རྒྱུས་ཀྱི་དོན་སྙིང་ཡིན་པར་དཔོག་ནུས་སོ། །


* ཞང་སྒོ་བ་བན་དེ་ཚེ་རིང་། ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་ཏུ་དགེ་རྒན་གྱི་ཕྱག་ལས་གནང་བཞིན་ཡོད།

① ཀྲང་དབྱི་སུན་གྱིས་གཙོ་འགན་བཞེས་ནས་རྩོམ་སྒྲིག་བྱས་པ། བོད་རྒྱ་ཚིག་མཛོད་ཆེན་མོ། [Z] མི་རིགས་དཔེ་སྐྲུན་ཁང་། 1993:1403

② དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྩོམ་སྒྲིག་མཛད། དུང་དཀར་ཚིག་མཛོད་ཆེན་མོ། [Z] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002:1146-2042


① དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། [M] མི་རིགས་དཔེ་སྐྲུན་ཁང་། 2006:104

② ས་སྐྱ་བསོད་ནམས་རྒྱལ་མཚན། རྒྱལ་རབས་གསལ་བའི་མེ་ལོང་། [M] མི་རིགས་དཔེ་སྐྲུན་ཁང་། 1981:75

③ མཁས་པ་ལྡེའུ། རྒྱ་བོད་ཆོས་འབྱུང་རྒྱས་པ། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987:233

④ མཁས་པ་ལྡེའུ། ལྡེའུ་ཆོས་འབྱུང། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987:100


① བསོད་ནམས་སྐྱིད་དང་དབང་རྒྱལ་གྱིས་བསྒྲིགས། བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2003:81

② མིག་དམར་ཚེ་རིང་། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ལས་བྱུང་བའི་བོད་ལྗོངས་ས་མིང་། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2005:25


① བསོད་ནམས་སྐྱིད་དང་དབང་རྒྱལ་གྱིས་བསྒྲིགས། བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2003:18

② མིག་དམར་ཚེ་རིང་། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ལས་བྱུང་བའི་བོད་ལྗོངས་ས་མིང་། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2005:85

③ མིག་དམར་ཚེ་རིང་། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ལས་བྱུང་བའི་བོད་ལྗོངས་ས་མིང་། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2005:84


① དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། [M] མི་རིགས་དཔེ་སྐྲུན་ཁང་། 2006:156

② ཚལ་བ་ཀུན་དགའ་རྡོ་རྗེ། དེབ་ཐེར་དམར་པོ། [M] མི་རིགས་དཔེ་སྐྲུན་ཁང་། 2006:19

③ དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། [M] མི་རིགས་དཔེ་སྐྲུན་ཁང་། 2006:156


① བསོད་ནམས་སྐྱིད་དང་དབང་རྒྱལ་གྱིས་བསྒྲིགས། བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2003:76

② དུང་དཀར་ཚིག་མཛོད་ཆེན་མོ། [Z] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002:2042


① མིག་དམར་ཚེ་རིང་། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ལས་བྱུང་བའི་བོད་ལྗོངས་ས་མིང་། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2005:15


① ལྷག་པ་ཕན་ཐོགས་ཀྱིས་རྩོམ་སྒྲིག་བྱས། བཙན་པོའི་རྒྱལ་རབས་སྐབས་ཀྱི་འདུན་མ་བསྡུ་བའི་ལམ་ལུགས་ལ་དཔྱད་པ། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2016:110

② དོན་གྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་གཉིས་ཀྱིས་བསྒྱུར། ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1994:4

③ དགེ་འདུན་ཆོས་འཕེལ། དེབ་ཐེར་དཀར་པོ། [M] མི་རིགས་དཔེ་སྐྲུན་ཁང་། 2002:52


① ལྷག་པ་ཕན་ཐོགས་ཀྱིས་རྩོམ་སྒྲིག་བྱས། བཙན་པོའི་རྒྱལ་རབས་སྐབས་ཀྱི་འདུན་མ་བསྡུ་བའི་ལམ་ལུགས་ལ་དཔྱད་པ། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2016:115

② བསོད་ནམས་སྐྱིད་དང་དབང་རྒྱལ་གྱིས་བསྒྲིགས། བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2003:78

③ དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། [M] མི་རིགས་དཔེ་སྐྲུན་ཁང་། 2006:92


① དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། [M] མི་རིགས་དཔེ་སྐྲུན་ཁང་། 2006:102

② ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་ནོར་བྲང་ཨོ་རྒྱན། བོད་ཀྱི་ལོ་རྒྱུས་གཡུ་ཡི་ཕྲེང་བ། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1989:118


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1