རང་བཞིན་བརྗོད་པའི་རྒྱན་རགས་ཙམ་གླེང་བ།

བཙན་སྐྱབས་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-25


[གནད་བཏུས] སྙན་ངག་མེ་ལོང་མས་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཁྲོད་དུ་གོ་གནས་ངེས་ཅན་བཟུང་ཡོད་ཅིང་། ཚིག་རྒྱན་ཤེས་ན་སྙན་ངག་ལ་མི་རྨོངས་ཞེས་སྙན་ངག་ཏུ་འཇུག་པ་བྱིངས་ལ་ཚིག་རྒྱན་གྱི་ཐབས་ཚུལ་བསྟན་ཡོད་པ་སྟེ། དཔྱད་རྩོམ་འདིར་ཁོ་བོས་སྙན་ངག་མེ་ལོང་ལས་རང་བཞིན་བརྗོད་པའི་རྒྱན་ཁོལ་དུ་བཏོན་ནས་གང་དེའི་གོ་དོན། གཞུང་ལུགས་གང་ལ་གཏུགས་པའི་ཁུངས་སོགས་བཤད་དེ། སློབ་དཔོན་དབྱུག་པ་ཅན་གྱིས་རང་བཞིན་བརྗོད་པའི་རྒྱན་དེ་ཐུན་མོང་གི་རྒྱན་ཐམས་ཅད་ཀྱི་དང་པོར་བཞག་པའི་དགོངས་དོན་ནི་འཁྱོག་བརྗོད་ཀྱི་རྒྱན་དང་སྤུ་རིས་འབྱེད་ཆེད་དང་། ལས་དང་པོ་བ་སྙན་ངག་ལ་འཇུག་བདེ་བའི་ཕྱིར་དུ་ཡིན་པ་བརྗོད་དེ། རྒྱན་དེའི་ནུས་པ་སོགས་རགས་ཙམ་གླེང་ཡོད།

[གནད་ཚིག] སྙན་ངག་མེ་ལོང་མ། ཐུན་མོང་གི་རྒྱན། རང་བཞིན་བརྗོད་པའི་རྒྱན།
གླེང་གཞི།
སྙན་ངག་མེ་ལོང་མ་ནི་ས་སྐྱའི་དུས་སུ་ཐོག་མར་བསྒྱུར་ཅིང་། ཕག་གྲུའི་སྐབས་སུ་འཕེལ་རྒྱས་སུ་ཕྱིན་པ། དགའ་ལྡན་ཕོ་བྲང་གི་སྐབས་སུ་དར་བའི་རྩེ་མོར་སོན་ཟེར་ནའང་འགལ་བ་མེད་ཅིང་། སྙན་ངག་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་དུ་ཐོག་མར་བཀའ་དྲིན་ཆེ་བ་ས་སྐྱ་པཎ་ཆེན། བར་དུ་བཀའ་དྲིན་ཆེ་བ་ཤོང་དཔང་རྣམ་གཉིས། ཐ་མར་བཀའ་དྲིན་ཆེ་བ་སི་ཏུ་པཎ་ཆེན་ཞེས་ཡོངས་སུ་གྲགས་པ་ལྟར་ས་པཎ་གྱིས་དུས་རབས་བཅུ་གསུམ་པར་མེ་ལོང་མ་བསྒྱུར་མགོ་ཚུགས་པ་ནས་བཟུང་། བོད་མཁས་རྣམས་ཀྱིས་སྙན་གཞུང་འདིའི་འགྲེལ་བ་དང་དཔེར་བརྗོད་བཅས་བསྡོམས་ན་བརྒྱ་ལྷག་བརྩམས་ཡོད་ཅིང་། དེ་ལས་སྒྲ་དོན་གཉིས་ཆར་གྱི་རོ་ཉམས་ཕུན་སུམ་ཚོགས་པའི་བསྟན་བཅོས་ཀྱི་ཆིངས་ལྟ་བུ་འདི་ནི་བོད་ལ་ཉེ་བར་མཁོ་བ་མ་ཟད། སྒྱུ་རྩལ་རྩོམ་རིགས་ཀྱི་གཞུང་ལུགས་ཆ་ཚང་ཞིག་ཡིན་པ་དོར་ཞི་གདོང་དྲུག་སྙེམས་བློས“སྙན་ངག་མེ་ལོང་གིས་སྒྲ་དོན་གབ་ཚིག་གི་རྒྱན་གསུམ་རྒྱས་པར་གཏན་ལ་འབེབས་པ་ཡིན་ཡང་། རྒྱན་སྦྱོར་བའི་གཞི་ཚིགས་བཅད་ལྷུག་སྤེལ་གསུམ་སོགས་ལུས་དང་། བརྗོད་བྱའི་ནང་དོན་སྔོན་གྱི་བྱུང་རིམ་གཏམ་དང་། ད་ལྟའི་གནས་ཚུལ་སོགས་བརྗོད་པའི་རྗོད་པ་དང་། བརྗོད་དོན་གྱི་རྐང་འཛིན་པའི་དགོངས་པ་སྡེ་བཞི་སོགས་སྲོག་དང་སྙན་ངག་ཆེ་ཆུང་གི་གཞུང་ཚད་སརྒ་སྟེ་ལེའུ་མང་ཉུང་གི་ཁྱད་པར་དང་། རྣམ་པའི་རབ་དབྱེ་མཉན་བྱ་གཙོ་བོར་བྱེད་པའི་སྙན་ངག་དང་། བལྟ་བྱ་གཙོ་བོར་བྱེད་པའི་ཟློས་གར་སོགས་དང་། རྩོམ་སྟངས་ཤིས་བརྗོད་ཕྱག་བྱ་དངོས་པོ་ངེས་བསྟན་སོགས་སྒོ་དང་། དོན་དང་ཚིག་མང་ཉུང་བྱ་ཚིག་གི་ཁྱད་པར་སྟོན་པའི་གྲོལ་རིགས་མཛོད་འདུས་དང་། དངོས་དང་ལྡོག་ཕྱོགས་ཀྱི་ཡོན་ཏན་བརྗོད་པའི་ཐབས་ཀྱིས་དོན་སྟོན་ཚུལ་དང་ཚིག་སྦྱོར་བྱེད་སྟངས་དགོངས་པ་ཅན་གྱི་མཚན་ཉིད་བཞི་སོགས་དང་། རྩོམ་སྐྱོན་སྤངས་ཚུལ་དང་། རྩོམ་གཤིས་རྒྱ་གར་ཤར་ལྷོའི་ཐུན་མོང་མིན་པའི་ཡོན་ཏན་བཅུ། རྩོམ་གྱི་རྒྱུ་ཆ་སྐད་རིགས་བཞི་སོགས་དང་། རྩོམ་བཟང་པོ་འབྱུང་བའི་རྒྱུ་ལྷན་སྐྱེས་ཀྱི་ཤེས་རབ། མང་ཐོས་ཀྱི་གཞུང་ལུགས་ཀྱི་གོ་བ་དང་། འཚོ་བའི་ཤེས་བྱ། རྟག་གུས་སྦྱོར་བའི་བརྩོན་པ་དགོས་ཚུལ་དང་། རྩོམ་པའི་དགོས་པ། འཇིག་རྟེན་རྨོངས་པའི་མུན་པ་སེལ་བ། ལེགས་པའི་ཡོན་ཏན་རིང་དུ་གནས་ཤིང་། གཞན་ལ་སློབ་གསོ་ཐོབ་པ། སེམས་ལ་དགའ་བ་སྐྱེད་པའི་འདོད་པ་འཇོ་བ་སོགས་ཏེ། མདོར་ན་མེ་ལོང་མ་ནི་རྩོམ་རིགས་ཕྱོགས་ཀྱི་གནད་དོན་གལ་ཆེན་རིགས་ཕལ་ཆེར་གཏན་འབེབས་བྱས་ཡོད”① ཅེས་གསུངས་ཤིང་། དེའི་བོད་ཀྱི་རྩོམ་རིག་གི་བརྗོད་བྱའི་དོན་གྱི་གནད་འདོན་སྟངས་དང་རྗོད་བྱེད་ཚིག་གི་འབྲི་ཐབས་ཐད་ལ་ཟད་མི་ཤེས་པའི་མཛུབ་སྟོན་གནང་ལ། སྒོས་སུ“རང་བཞིན་བརྗོད་པའི་རྒྱན་ནི་ཐུན་མོང་གི་རྒྱན་ཐམས་ཅད་ཀྱི་ཐོག་མ་ཡིན་ཞིང་། བསྟན་བཅོས་དང་བརྩམ་བྱ་ཀུན་ལ་རྒྱན་འདིའི་སྦྱོར་ཚུལ་ཤིན་ཏུ་མཛེས་པས། རྒྱན་ཀུན་གྱི་གཙོ་བོ་ལྟ་བུ་ཡིན་པར”②གསུངས་པ་དང་། ཡང་སློབ་དཔོན་དབྱུག་པ་ཅན་གྱིས“རིགས་ཞེས་དང་པོའི་རྒྱན་ཡིན་དཔེར། །”ཞེས་རྒྱན་འདི་ཐུན་མོང་གི་རྒྱན་ཐམས་ཅད་ཀྱི་དང་པོར་བཞག་པའི་དགོས་པ་དམིགས་བསལ་ཞིག་ཏུ་མཐོང་།

གཅིག རང་བཞིན་བརྗོད་པའི་རྒྱན་གྱི་གོ་དོན།

འདིར་རང་བཞིན་ཞེས་པ་ནི་དངོས་པོའི་ངོ་བོ་དང་གཤིས་ཀ་སོགས་བཅོས་མ་མིན་པར་གདོད་མ་ནས་ཅི་ལྟ་ཇི་ལྟར་ཡིན་པ་དེ་ལྟ་དེ་ལྟར་དུ་གྲུབ་པའི་གནས་ཚུལ་ཞིག་ལ་བྱ་ཞིང་། བརྗོད་པ་ཞེས་པ་ནི་ཚུལ་ཇི་ལྟ་བ་དེ་དོན་ལྡན་གྱི་ངག་གི་ཕྲེང་བར་བརྒྱུས་ནས་ཇི་བཞིན་དུ་བརྗོད་པ་སྟེ། སྒྲོ་འདོགས་དང་སྐུར་འདེབས་མེད་པར་དྲང་མོའི་ངག་གི་བརྗོད་པ་ཞིག་ཡིན། རྒྱན་ནི་མེ་ལོང་མའི་རྩ་བར“སྙན་ངག་མཛེས་པར་བྱེད་པ་ཡི། ། ཆོས་རྣམས་རྒྱན་ཞེས་རབ་ཏུ་བརྗོད། །”ཅེས་པ་བཞིན་ལུས་མཛེས་པར་བྱེད་པའི་རྒྱན་ཆ་ལྟ་བུ་སྟེ། རྗོད་བྱེད་ཀྱི་ཚིག་མཛེས་པར་བྱེད་པའི་སྒྲ་དང་དོན་གྱི་ཉམས་ཤིག་ལ་ཟེར་བས། ཡིད་འཕྲོག་ཅིང་རྣ་བར་སྙན་པའི་ངག་གང་ཞིག བཅད་ལྷུག་སྤེལ་མའི་བདག་ཉིད་དུ་གནས་པའི་ལུས་སམ་ཁྱད་གཞི་དེ་མཛེས་པར་བྱེད་པའི་ཡོན་ཏན་ནམ་ཁྱད་ཆོས་ཤིག་ལ་གོ་དགོས། མདོར་ན་རྒྱན་ཞེས་པ་ནི་ལུས་མཛེས་པར་བྱེད་པའི་ཐབས་ལ་གོ་དགོས་ཤིང་། དེའི་བོད་ཀྱི་སྙན་ངག་དང་བསྟན་བཅོས་རྩོམ་པར་གཞིའི་རྨང་གཞི་དང་མཛུབ་སྟོན་གྱི་ནུས་པ་ཐོན་མོད། ཚིག་རྒྱན་ལ་བྱང་ཆ་དོད་པོ་ཙམ་གྱིས་སྙན་ངག་འབྲི་བར་མངའ་བརྙེས་པ་ཞིག་ཡོང་དགོས་པའི་ཁྱབ་པ་མེད་སྙམ་སྟེ། མེ་ལོང་མའི་དངོས་བསྟན་དུ“རང་བཞིན་གྱིས་གྲུབ་སྤོབས་པ་དང་། ། མང་དུ་ཐོས་པ་དྲི་མེད་པ། ། མངོན་པར་སྦྱོར་བ་མི་དམན་པ། ། སྙན་ངག་ཕུན་སུམ་ཚོགས་པའི་རྒྱུ། །”ཞེས་སྙན་ངག་མཁན་ལ་གདོད་མ་ནས་སྙན་ངག་འབྲི་སྐྱེན་པའི་ལྷན་སྐྱེས་ཀྱི་བག་ཆགས་དང་སྐྱེས་སྟོབས་ཀྱི་ཤེས་རབ་ཟབ་མོ་ཡོད་པའི་གཞི་གང་ཞིག་ལ། ཤེས་བྱ་རིག་པའི་གནས་ལ་སྣ་སྒོ་མོ་ནས་ཐོས་བསམ་དྲི་མ་མེད་པ་གནང་ནས། རྩོམ་རིག་གི་བློ་སྦྱོང་སྟེ་ཚིག་རྒྱན་གྱི་བསྟན་བཅོས་རྣམས་ལ་རྡོ་རུས་ཐུག་པར་སྦྱངས་ན་ཡག་ཐོག་ལ་ཡག་དང་སྒ་ཐོག་ལ་ཕྲ་བཏབ་པ་ལྟར་སྙན་ངག་གི་ཀློང་བརྡོལ་བར་འགྱུར། དེས་ན་སྐབས་སུ་བབ་པའི་བཤད་བྱ་སྟེ་སྙན་ངག་མེ་ལོང་མའི་གཞུང་དངོས་དང་དེའི་རྩ་འགྲེལ་སོགས་གུང་བསྒྲིགས་ཏེ་རང་བཞིན་བརྗོད་པའི་རྒྱན་གྱི་གོ་དོན་རོབ་ཙམ་བཤད་པ་ལ། སྤྱིར་སྙན་ངག་མེ་ལོང་ནི་རབ་བྱུང་བཞི་པའི་དུས་སུ་ས་སྐྱ་འགྲོ་མགོན་འཕགས་པའི་སྐུ་རིང་ལ་ལོ་ཙཱ་པ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་ཐོག་མར་བསྒྱུར་ཅིང་། དཔང་ལོ་ཙཱ་པ་བློ་གྲོས་བརྟན་པས་འདི་ལ་འགྱུར་བཅོས་དང་མཆན་འདེབས་མཛད། དེའི་ཕྱིས་སི་ཏུ་བསྟན་པའི་ཉིན་བྱེད་ཀྱི་རྒྱ་འགྲེལ་གཉིས་དང་བསྟུན་ནས་འགྱུར་བཅོས་བྱས་པའི་སྐད་གཉིས་ཤན་སྦྱར་སོགས་དུས་སྐབས་སོ་སོར་འགྱུར་བཅོས་མཛད་པས་རྩ་བའི་གོ་དོན་གྱི་ཤོ་ལོ་ཀ་གཅིག་པུ་ལའང་འགྱུར་མི་འདྲ་བ་དུ་མ་ཞིག་ཡོད་པ་སྟེ། རྩ་བ་ལས་རང་བཞིན་བརྗོད་པའི་རྒྱན་གྱི་གོ་དོན་ལ་ལེགས་སྦྱར་སྐད་དུ།

ཎཱ་ཎཱ་བ་སྠཾ་པ་དཱརྠཱ་ནཱཾ། །

རཱུ་པཾ་སཱ་ཀྵཱདྦྀ་ཎྭ་ཏཱི། །

སཱ་བྷཱ་བོཀྟིཤྩ་ཛཱ་ཏིཤྩེ། །

ཏྱཱ་ཏྱཱ་སཱ་ལངྐྲྀ་ཏིརྱ་ཐཱ། །①

ཞེས་པའི་ཤོ་ལོ་ཀའི་འགྱུར་ཁྱད་རེའུ་མིག་གི་ལམ་ནས་བཀོད་ན།


ཚིག་ཟུར་ཙམ་གྱིས་ཀྱང་རྩ་བའི་གོ་དོན་ལ་འགྲེལ་ཚུལ་མི་འདྲ་བ་འབྱུང་བ་ནི་བསྙོན་དུ་མེད་ལ། དཔང་ལོ་ཙཱ་པ་བློ་གྲོས་བརྟན་པས་མཛད་པའི་སྙན་ངག་གི་བསྟན་བཅོས་པད་མ་དཀར་པོའི་ཕྲེང་བ་དང་། སྙན་ངག་མེ་ལོང་གི་ས་བཅད། སྣར་ཐང་ལོ་ཙཱ་པ་སངྒྷ་ཤྲཱིས་མཛད་པའི་དོན་རྒྱན་གསལ་བའི་མེ་ལོང་མཁས་པ་དགའ་བྱེད་འོད་ཟེར་འབུམ་ཕྲག་བརྒྱ་བ། ཞྭ་ལུ་ལོ་ཙཱ་པ་ཆོས་སྐྱོང་བཟང་པོས་མཛད་པའི་སྙན་ངག་མེ་ལོང་ལ་འཇུག་པའི་མན་ངག་ཀུན་གསལ་དང་། སྙན་ངག་མེ་ལོང་གི་གནད་བསྡུས་སོགས་སྔ་རབས་མཁས་པ་དག་གི་བརྩམས་ཆོས་དག་མིག་གི་མཐོང་ཡུལ་དུ་མ་གྱུར་ཀྱང་། ཆོས་རྗེ་འཇུ་མི་ཕམ་གྱིས“ཤོང་སྟོན་ལོ་ཙཱས་མདོར་བསྡུས་ས་བཅད་ཙམ་གྱི་འགྲེལ་ཆུང་དང། དཔང་ལོ་ཙཱ་པས་གཞུང་མཐར་ཆགས་སུ་བཤད་པ་གཉིས་གཞིར་བྱས་ནས་བོད་འགྲེལ་ཆེས་མང་པོ་ཞིག་བྱུང”①ཞེས་གསལ་འདུག་པས། དཔང་ཊཱིཀ་ནི་བོད་འགྲེལ་ཐམས་ཅད་ཀྱི་གཞི་དང་རྩ་བར་ཡིད་ཆེས་གཏིང་ནས་རྙེད་པས། འདིར་དཔང་ལོས་བརྩམས་པའི་སྙན་ངག་མེ་ལོང་གི་རྒྱ་ཆེར་འགྲེལ་བ་གཞུང་དོན་གསལ་བ་ལས་ཇི་ལྟར་བཀྲལ་ཡོད་དམ་ཞེ་ན།“དངོས་པོ་བརྗོད་བྱ་རྣམས་ཀྱི་རང་བཞིན་གང་གནས་སྐབས་གཅིག་མ་ཡིན་པར་སྣ་ཚོགས་དུ་མ་ལ་ཇི་ལྟ་བ་བཞིན་དངོས་སུ་སྟེ་ཤུགས་ལས་མིན་པར་རྗོད་བྱེད་ཀྱི་བྱེད་པ་དེ་ནི་རང་བཞིན་བརྗོད་པའི་མིང་ཅན་ཏེ། མིང་གཞན་རིགས་ཀྱི་རྒྱན་ཞེས་བྱ་བ་རྒྱན་དང་པོ་ཡིན་ནོ”②ཞེས་རང་བཞིན་བརྗོད་པའི་རྒྱན་གྱི་མཚན་གྱི་རྣམ་གྲངས་ལ་རིགས་ཀྱི་རྒྱན་ཞེས་འདོད་པ་མ་ཟད་འབྲུག་ཁམས་སྤྲུལ་གྱིས“བོད་འགྲེལ་ཐམས་ཅད་ན་རིགས་སོགས་བཞིའི་སྤྱི་མིང་ལ་རང་བཞིན་བརྗོད་པའི་རྒྱན་ཞེས་པ་ཁོ་ན་ལས་རིགས་ཀྱི་རྒྱན་ཞེས་པའི་མིང་གི་རྣམ་གྲངས་སུ་འཇུག་པ་མ་མཁྱེན་པར་གཞུང་གི་འགྱུར་ཡང་། དང་པོའི་རྒྱན་ཡིན་རིགས་སོགས་དཔེར། ། ཞེས་འདོན་པ་ནི་མི་ལེགས་སོ”①ཞེས་མཁས་པ་ཕྱི་མ་དག་གིས་ཤོང་དཔང་གི་འགྱུར་ཡང་བཅོས་པ་ནི་ངང་ངམ་ཤུགས་ཀྱིས་རྟོགས་ནུས། དེ་བས་རང་བཞིན་བརྗོད་པའི་རྒྱན་བཞིའི་རྒྱུ་མཚན་སོ་སོར་ངོས་འཛིན་ཚུལ་ནི་སྤྱིར་རང་བཞིན་བརྗོད་པ་ཞེས་པ། དངོས་པོ་རང་རང་གི་རང་བཞིན་ལ་བསྟོད་པ་དང་སྨད་པ་སོགས་ཀྱི་སྒྲོ་སྐུར་སྤངས་ཏེ། རང་བཞིན་དྲང་པོར་བརྗོད་པ་ཞིག་ལ་ཟེར་བས། དེ་ཡང་ཁྱད་གཞི་མཚོན་བྱ་རང་དང་རྗེས་སུ་འབྲེལ་བའི་མཚན་ཉིད་སྣ་ཚོགས་པ་དུ་མ་བརྗོད་པའི་ངོས་ནས་རིགས་ཀྱི་རྒྱན་ཞེས་པ་ས་པཎ་མཁས་འཇུག་དང་།དཔང་ཊཱིཀ་ལྟར་དུ། བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་དང་། འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ་སོགས་ཀྱིས་རང་བཞིན་བརྗོད་པའི་རྒྱན་ཐམས་ཅད་རིགས་ཀྱི་རྒྱན་དུ་འདོད་དེ། རིགས་ཞེས་པའི་རང་གི་རིགས་ཅན་མང་པོ་མཚོན་པ་དཔེར་ན། ནེ་ཙོ་ཞེས་པས། དེའི་རིགས་ཅན་མང་པོ་གོ་བར་ནུས་པ་དང་། ཕུག་རོན་གྱི་འཁྲིག་པའི་བྱ་བས། དེའི་བྱེ་བྲག་མང་པོ་གོ་ཐུབ་པ་དང་། བུད་མེད་ཀྱི་རེག་བྱའི་ཡོན་ཏན་གྱིས་ཀྱང་།དེའི་རིགས་ཅན་མང་པོ་གོ་ནུས་ཤིང་། ལྷ་དབང་ཕྱུག་གིས་ལག་ཏུ་བཟུང་བའི་ཐོད་པ་དང་། ཟླ་བའི་ཅོད་པན་སོགས་རྫས་སུ་མི་འདོད་པར། ཁྱད་ཆོས་དེ་དག་རེ་རེ་བ་ནི་རིགས་སྤྱིར་འདོད་དོ། །

རྩ་བ་ལས“དངོས་པོ་རྣམས་ཀྱི་རང་བཞིན་དང་། ། གནས་སྐབས་སྣ་ཚོགས་དངོས་གསལ་བྱེད། ། དེ་ནི་རང་བཞིན་བརྗོད་པ་དང་། ། རིགས་ཞེས་དང་པོའི་རྒྱན་ཡིན་དཔེར། །”ཞེས་རང་བཞིན་ཞེས་པ་ནི་གདོད་མ་ནས་གྲུབ་པ་སྟེ་དངོས་པོའི་ངོ་བོ་ཅི་ལྟ་ཇི་ལྟར་ཡིན་པ་དེ་ལྟ་དེ་ལྟར་དུ་བཀོད་པ་དཔེར་ན། འོ་མའི་ངོ་བོ་ནི་གདོད་མ་ནས་བརླན་ཞིང་གཤེར་བ་ཡིན་པ་གང་ཞིག་ལ་ཁ་དོག་དཀར་པོ། རོ་མངར་བ་དང་ཞིམ་པའི་ཁྱད་ཆོས་ལྡན་པ། ཡང་གནམ་གཤིས་ལ་དྲོད་གྲང་འགྱུར་ལྡོག་གི་ཆོས་ཉིད་དང་ལྡན་པ། སའི་ངོ་བོ་སྲ་ཞིང་འཐས་པ། མི་ཡིན་ན་ཤ་ཁྲག་གདོས་བཅས་ཀྱི་ཕུང་བོར་གྲུབ་པ་དང་སྨྲ་ཤེས་ཤིང་དོན་གོ་བའི་རང་བཞིན་ལྡན་པ་ལྟ་བུ་དང་། གནས་སྐབས་སྣ་ཚོགས་ཞེས་པ་ནི་གདོད་མ་ནས་རང་བཞིན་གྱིས་གྲུབ་པ་ཞིག་མ་ཡིན་ནའང་། དཔེར་ན། འོ་མ་བཞོ་བ་དང་ཡི་གེ་འབྲི་བའི་ལས་བྱེད་པ་ནི་གནས་སྐབས་སྣ་ཚོགས་པའི་བྱ་བ་བགྱི་སྟངས་དང་འགྱུར་བ་འགྲོ་སྟངས་ཤིག་ལ་གོ་སྟེ། ཁྱད་ཆོས་འདི་གཉིས་ཀྱང་བསྟོད་སྨད་དང་ཤུགས་བསྟན་གྱིས་འཁྱོག་པར་བརྗོད་ནས་གསལ་བར་བྱེད་པ་ཞིག་མ་ཡིན་པར་བརྗོད་ཐབས་དྲང་བོའི་སྒོ་ནས་གསལ་བར་བྱེད་པ་ཡིན། འདི་ལ་འབྲུག་པ་པད་མ་དཀར་པོས“རང་བཞིན་སྤྱི་ལ་འཇུག་པའི་སྒྲ་གཅིག་གིས་རིགས་ཅན་མང་པོ་གོ་བར་བྱེད་པའི་རིགས་བརྗོད་པ་དང་། གནས་སྐབས་ལས་བྱ་བ་བརྗོད་པ། གནས་སྐབས་གང་ལ་ཡོན་ཏན་བརྗོད་པ། གནས་སྐབས་ལས་གང་ལ་ཡོད་པའི་རྫས་བརྗོད་པ”②ཞེས་ཆོས་ལ་ཡོད་པའི་ངོ་བོའི་རང་བཞིན་དང་གནས་སྐབས་སྣ་ཚོགས་པ་ནི་རང་བཞིན་བརྗོད་པའི་རྒྱན་གྱི་དབྱེ་སྒོ་ལས་ཁ་གསལ་དོན་ཚང་ངང་དགར་བ་ནི་ལེགས་བཤད་འབའ་ཞིག་ཏུ་འཁུམས།

བོད་ཀྱི་སྙན་འགྲེལ་ཀུན་གྱི་ཕྱི་མོའམ་མ་ལྟ་བུ་ནི་དཔང་ཊཱིཀ་འདི་ཉིད་ལགས་པས། གཞུང་འདི་ནི་ནང་པའི་པཎྜི་ཏ་ངག་གི་དབང་ཕྱུག་དང་སིངྒ་ལའི་པཎྜིི་ཏ་རཏྣཤྲཱིའི་འགྲེལ་བ་ལ་གཞི་བཅོལ་ཏེ་བརྩམས་པའི་ཚད་ཐུབ་ཏུ་སྣང་ལ། འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མས་ཀྱང་ཤོང་ལོའི་དབྱངས་ཅན་མགུལ་རྒྱན་དང་དཔང་ལོའི་འགྲེལ་བ་དོན་གསལ་རྣམ་གཉིས་ནི“གཞུང་གི་རྒྱ་དཔེ་དང་རྒྱ་འགྲེལ་རྣམས་ལ་ཇི་བཞིན་དཔྱོད་པའི་རྣམ་དཔྱོད་དང་ལྡན་པ་མཁས་པ་མཆོག་རྣམས་ཀྱིས་གཞུང་དོན་བཞིན་དུ་བཀྲལ་བས། ཐུགས་གཞིགས་མ་ཆུག་པའི་ནོར་འཁྲུལ་བག་རེ་ཙམ་ཡོད་ན་མ་གཏོགས་ཚད་མར་འཛིན་འོས་པའི་ཁུངས་ཐུབ་དཔྱད་པས་གཙང་བ་བོད་ཡུལ་འདིར་རྒྱན་གྱི་བསྟན་བཅོས་གསལ་བར་སྟོན་པའི་ཐོག་མ་ཆུ་མགོ་གངས་ལ་ཐུག་ས་རང་ཡིན”①ཞེས་ཁུངས་བཙུན་ཤ་སྟག་ཏུ་བཤད་པས། འདིར་དཔང་ལོས་ཇི་ལྟར་བཀྲལ་ཡོད་དམ་ཞེ་ན།“དངོས་པོ་བརྗོད་བྱ་རྣམས་ཀྱི་རང་བཞིན་གང་གནས་སྐབས་གཅིག་མ་ཡིན་པར་སྣ་ཚོགས་དུ་མ་ལ་ཇི་ལྟ་བ་བཞིན་དངོས་སུ་སྟེ་ཤུགས་ལས་མིན་པར་རྗོད་བྱེད་ཀྱི་བྱེད་པ་དེ་ནི་རང་བཞིན་བརྗོད་པའི་མིང་ཅན་ཏེ། མིང་གཞན་རིགས་ཀྱི་རྒྱན་ཞེས་བྱ་བ་རྒྱན་དང་པོ་ཡིན་ནོ”ཞེས་གོ་སླ་ཆུབ་བདེ་བར་བཀྲལ་བ་དང་། ཡང་སྨོན་འགྲོ་ཡབ་སྲས་ཀྱི་ལུགས་སུ་བརྩམས་པའི་དབྱངས་ཅན་དགྱེས་གླུར་རང་བཞིན་བརྗོད་པའི་རྒྱན་ནི“བརྗོད་བྱའི་དངོས་པོ་རྣམས་ཀྱི་རང་བཞིན་ཏེ་ངོ་བོ་དང་། དེ་དག་རྣམ་པའི་གནས་སྐབས་སྣ་ཚོགས་པ་རྣམས་མེད་པ་ལ་ཡོད་པ་དང་ཡོད་པ་ལ་མེད་པའི་སྒྲོ་སྐུར་སྤངས་ཏེ། ཤུགས་བསྟན་མ་ཡིན་པའི་གནས་ལུགས་ཐམས་ཅད་དངོས་སུ་གསལ་བར་བྱེད་པ”②ཞིག་དང་ཡང་འབྲུག་ཁམས་སྤྲུལ་སྙན་འགྲེལ་དུ“དངོས་པོ་བརྗོད་པར་བྱ་བ་རྣམས་ཀྱི་རང་བཞིན་རིགས་བྱ་བ་ཡོན་ཏན་རྫས་བཞི་པོ་གང་ཡང་རུང་བའི་ཁྱད་གཞི་དེའི་གནས་སྐབས་ཏེ། མཚན་ཉིད་གཅིག་མ་ཡིན་པར་རྣམ་པ་སྣ་ཚོགས་པའི་སྒོ་ནས་བསྟོད་སྨད་དང་འཁྱོག་བརྗོད་ཀྱིས་མ་བསླད་ཅིང་ཤུགས་བསྟན་ཙམ་མ་ཡིན་པར་དངོས་སུ་ཚིག་གི་གསལ་བར་བྱེད་པ”③ཞེས་སྔ་མའི་བཅུད་བཟུང་བ་གང་ཞིག་ལ་གསར་དུ་བསྟོད་སྨད་ཅེས་པའི་ཚིག་ཟུར་ཐོན་པས་རྒྱན་གཞན་དང་ཐུན་མོང་མ་ཡིན་པའི་ཆོས་བཟུང་བས་གྲ་མ་ཉམས་པར་གྱུར། དེ་ན་རང་བཞིན་བརྗོད་པའི་རྒྱན་ནི་དངོས་པོ་གང་ཞིག་གི་གནས་སྐབས་གཅིག་ཙམ་གྱིས་རང་བཞིན་བརྗོད་པའི་མི་ཆོག་པར་རྩ་ཚིག་གི་དགོངས་དོན་ལྟར“གནས་སྐབས་སྣ་ཚོགས”པའི་སྒོ་ནས་བསྟོད་སྨད་དང་འཁྱོག་བརྗོད་ཀྱིས་མ་བསླད་ཅིང་། ཤུགས་བསྟན་མ་ཡིན་པའི་དངོས་སུ་གསལ་བར་བྱེད་པ་སོགས་ཁྱད་ཆོས་སམ་ཟུར་བཞི་ཚང་བ་ཞིག་ལ་གཞི་ནས་རང་བཞིན་བརྗོད་པའི་རྒྱན་ཞེས་བྱ་བར་འདོད།

གཉིས། ཐུན་མོང་གི་རྒྱན་ཐམས་ཅད་ཀྱི་དང་པོར་བཞག་པའི་རྒྱུ་མཚན།

དུས་རབས་བཅུ་གསུམ་པར་སྙན་ངག་མེ་ལོང་མ་ཆ་ཚང་བསྒྱུར་པ་དང་འཆད་ཉན་གྱི་སྲོལ་བཏོད་པ་ནས་བཟུང་། གཞུང་དེ་ནི་བོད་ཀྱི་རྩོམ་འབྲིའི་ལག་ལེན་ལ་མཛུབ་ཁྲིད་བྱེད་པའི་གཞུང་འཁྲུལ་མེད་ཅིག་ཏུ་གྱུར་པ་དང་། མེ་ལོང་མའི་ལུགས་ལྟར་གསར་རྩོམ་བྱེད་པའི་ལམ་སྲོལ་དར་རྒྱས་ཆེན་པོ་བྱུང་བས། ཕྱིས་སུ་བོད་ཀྱི་སྙན་ངག་གི་ནང་དོན་དང་རྣམ་པ་གཉིས་ཆར་ལ་ཤུགས་རྐྱེན་གཟུགས་ཅན་བཞིན་དུ་ཐོན་ཡོད། དེ་ན་སྙན་ངག་མེ་ལོང་མ་ནི་ལེའུ་གསུམ་གྱི་བདག་ཉིད་ཅན་ཡིན་ཞིང་། ལེའུ་དང་པོར་ཤོ་ལོ་ཀ་བརྒྱ་དང་ལྔ་ཡོད་དེ། དེར་གཙོ་བོ་སྙན་ངག་གི་ལུས་དང་རྩོམ་གཤིས་སོགས་བསྟན། ལེའུ་གཉིས་པའི་དོན་རྒྱན་ལ་ཤོ་ལོ་ཀ་སུམ་བརྒྱ་དང་རེ་ལྔ་ཡོད་ལ། དེར་གཙོ་བོ་དོན་རྒྱན་སོ་ལྔ་དང་དེ་དག་རེ་རེའི་ཡན་ལག་གི་དཔེར་བརྗོད་བཅས་བཤད་ཡོད། ལེའུ་གསུམ་པའི་སྒྲ་རྒྱན་དང་གབ་ཚིག་གི་རྒྱན། སྐྱོན་སེལ་བཅས་བསྟན་པ་ཤོ་ལོ་ཀ་བརྒྱ་དང་གྱ་དྲུག་སྟེ། བསྡོམས་པའི་གཞུང་ཧྲིལ་བོར་ཤོ་ལོ་ཀ་དྲུག་བརྒྱ་དང་ང་དྲུག་ཡོད་ཅིང་། དེ་དག་གི་དོན་བསྡུས་ན། ལུས་དང་རྒྱན། སྐྱོན་སེལ་གསུམ་དུ་འདུ་ཞིང་། སྐབས་བབ་ཀྱི་རྒྱན་གྱི་རྣམ་གཞག་བཤད་པ་ལ། རྒྱ་གར་ལྷོ་ཕྱོགས་བེེ་དརྦྷའི་ལུགས་དང་། ཤར་ཕྱོགས་གོོ་ཌའི་ལུགས་གཉིས་ཀྱི་ཐུན་མོང་མ་ཡིན་པའི་རྒྱན་དང་། དོན་རྒྱན། སྒྲ་རྒྱན། གབ་ཚིག་གི་རྒྱན་སོགས་ཡུལ་སྤྱིའི་ཐུན་མོང་གི་རྒྱན་ཏེ་རིགས་གཉིས་སུ་དབྱེ་མོད། རྩ་བ་ལས“དབྱུག་པ་ཅན་གྱིས་བྱས་པའི་སྙན་ངག་མེ་ལོང་ལས་ལམ་རྣམ་པར་ཕྱེ་བའི་རྣམ་པར་བཅད་པ་སྟེ་དང་པོའོ། །”ཞེས་ལེའུ་དང་པོས་སྙན་ངག་གི་སྒོ་སོགས་ལམ་གྱི་འཇུག་ཡུལ་ཚུལ་ཇི་ལྟ་བུའི་སྒོ་ནས་བསྟན་པ་ཙམ་དང་། ཡང་རྩ་བ་ལས་ལེའུ་གཉིས་པའི་སྐབས་སུ“ལམ་ནི་རྣམ་པར་དབྱེ་དོན་དུ། ། རྒྱན་འགའ་ཞིག་ནི་སྔར་ཡང་བསྟན། ། ཐུན་མོང་དག་གི་རྒྱན་གྱི་ནི། ། ཚོགས་འདི་རབ་ཏུ་བསྟན་པར་བྱ། །”ཞེས“རབ་ཏུ་བསྟན་པར་བྱ”ཞེས་པའི་ཚིག་ཟུར་ལས་ལེའུ་དང་པོའི་སྐབས་སུ་ཐུན་མོང་མ་ཡིན་པའི་རྒྱན་གྱི་རྣམ་གཞག་གསུངས་ཡོད་ནའང་ཕལ་བར་བསྟན་ནས་ཐུན་མོང་གི་རྒྱན་རྣམས་གཙོར་བསྟན་པ་ངང་ངམ་ཤུགས་ཀྱིས་རྟོགས་སླའོ། །

དེ་ལས་རང་བཞིན་བརྗོད་པའི་རྒྱན་འདི་ཐུན་མོང་གི་རྒྱན་ཐམས་ཅད་ཀྱི་དང་པོར་བཞག་པ་ནི་དགོས་པ་དམིགས་བསལ་ཞིག་ཏུ་མཐོང་། རྩ་བ་ལས“རང་བཞིན་བརྗོད་དང་འཁྱོག་བརྗོད་ཅེས། ། ངག་གི་རང་བཞིན་ཐ་དད་གཉིས། །”ཞེས་བརྗོད་ཐབས་ཀྱི་དབང་གིས་རྒྱན་ལ་དྲང་བརྗོད་ཀྱི་རྒྱན་དང་འཁྱོག་བརྗོད་ཀྱི་རྒྱན་གཉིས་སུ་དབྱེ་སྲོལ་ཡོད་པ་ཟུར་མཁར་བློ་གྲོས་རྒྱལ་པོས“རྒྱན་དེ་དག་ཐམས་ཅད་ཀྱང་བསྡུ་ན་རྣམ་པ་གཉིས་ཁོ་ནར་འདུས་ཏེ། དངོས་པོ་ཇི་ལྟར་གནས་པ་ལྟར་རྣམ་པ་སྣ་ཚོགས་པར་གསལ་བར་བྱེད་པ་རང་བཞིན་བརྗོད་པ་དང་། དངོས་པོའི་རང་བཞིན་རྣམས་གཞན་དུ་སྒྲོ་བཏགས་པ་དཔེའི་རྒྱན་ལ་སོགས་པ་འཁྱོག་པར་བརྗོད་པ”①ཞེས་དོན་རྒྱན་སོ་ལྔའི་ནང་གསེས་དང་པོ་རང་བཞིན་བརྗོད་པའི་རྒྱན་ལ་དྲང་བརྗོད་ཀྱི་རྒྱན་དང་། གཞན་རྣམས་ལ་འཁྱོག་བརྗོད་ཀྱི་རྒྱན་ཞེས་བྱ་སྟེ། དེ་ཡང་རང་བཞིན་བརྗོད་པའི་རྒྱན་ཕུད་པའི་དོན་རྒྱན་སོ་ལྔའི་ནང་གསེས་དཔེ་རྒྱན་ནས་རབ་སྤེལ་རྒྱན་བར་རྩ་བའི་དབྱེ་བ་དང་ནང་གསེས་ཡན་ལག་དང་བཅས་པ་ཉིས་བརྒྱ་ལྷག་ཡོད་ཅིང་། ལེའུ་ཐ་མའི་སྒྲ་རྒྱན་ལ་ནང་གསེས་ཁྱོན་དོན་བརྒྱད་ཙམ་དང་གབ་ཚིག་ལ་ནང་གསེས་རྒྱན་བཅུ་དྲུག་ཡོད་པ་ཐམས་ཅད་སྙན་གཞུང་གི་བསྟན་བྱ་ཕལ་ཆེ་བ་ནི་འཁྱོག་བརྗོད་ཀྱི་རྒྱན་ཡིན་པས། དབྱུག་པ་ཅན་གྱིས་ཐུན་མོང་གི་རྒྱན་ཐམས་ཅད་ཀྱི་མགོར་དྲང་བརྗོད་ཀྱི་རྒྱན་བཞག་པ་ནི་རྒྱན་གཞན་དང་ས་མཚམས་ཕྱེ་བ་སྟེ་མི་ནོར་བའི་དགེ་མཚན་ཆེན་པོ་ལྡན་པས། དྲང་བརྗོད་ཀྱི་རྒྱན་དང་པོར་བཏོན་ཏེ་རིམ་བཞིན་དུ་འཁྱོག་བརྗོད་ཀྱི་རྒྱན་བཅས་མཐར་ཆགས་སུ་བྲིས་པར་འདོད། ཡང་བྱིས་པ་ནི་ལེགས་ཉེས་ཀྱི་བླང་དོར་དང་། དོན་གྱི་འཇུག་ལྡོག་སོགས་ལ་ཤིན་ཏུ་བླུན་པས་རང་བཞིན་སླ་མོ་ནས་དཀའ་བ། སྟབས་བདེ་ནས་རྙོག་འཛིང་དུ་ཞུགས་པ་ནི་འཚོ་བའི་གོ་རིམ་ཞིག་ཡིན་ཏེ། སྙན་ངག་ལ་བློ་སྦྱོང་གནད་དུ་ཐིངས་པ་བྱེད་པའི་གོ་རིམ་ཡང་འདི་ལྟར་ལགས་པས། དཔེར་ན། བྱིས་པ་ངག་ལྡབ་ལྡིབ་ཙམ་ལས་མི་འཁྱོངས་པ་ཞིག་ལ་གཏམ་དཔེ་དང་སྒྲུང་སོགས་སློབ་པ་ནི་ཆེས་མི་འོས་ཤིང་མི་སྲིད་པ་ཞིག་ཡིན་ལ། རང་གི་མགོ་དང་འཚམས་པའི་ཞྭ་མོ་གོན་ན་མཛེས་པའི་རྒྱུར་འགྱུར་གྱི་དེ་མིན་བཞད་གད་ཀྱི་གནས་སུ་འགྱུར་བས། དང་པོ་དངོས་པོའི་ངོ་བོ་སྟེ། དངོས་པོ་དེའི་མིང་ལ་ཅི་ཟེར་བ་དང་། དེ་ལ་རིགས་ག་ཚོད་ཡོད་པ། དོན་གྱི་བྱེད་པོ་གང་དག་ལ་འཇུག་པ། དེ་ལ་གཞན་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སམ་ཡོན་ཏན་གང་དག་ལྡན་པ། དེ་ཡི་ལག་ཏུ་ཐོགས་པའི་དངོས་པོའི་བྱེ་བྲག་གང་དག་ཡོད་པ་སོགས་ཇི་བཞིན་དུ་ངག་དྲང་བོ་དང་སླ་མོ། གོ་བདེ་སྟབས་ལེགས་པར་བཤད་ན་བློ་ལ་ཆུད་བདེ་བ་ཉིད་དུ་སྲིད་པས། སྙན་ངག་ལ་འཇུག་པའི་ཚེ་ནའང་དང་པོ་རང་བཞིན་བརྗོད་པའི་རྒྱན་ལ་བསླབས་ནས་རིམ་གྱིས་འཁྱོག་བརྗོད་ཀྱི་རྒྱན་ལ་སྦྱངས་ན་གོ་བ་ངེས་ཅན་སྟེར་ཐུབ། དེ་བས་འཁྱོག་བརྗོད་ཀྱི་རྒྱན་ལས་རྒྱུག་ཆེ་བ་དཔེ་རྒྱན་དང་གཟུགས་རྒྱན། རབ་རྟོག་རྒྱན་ལྟ་བུ་ལ་མཚོན་ན་དཔེ་འགོད་ཐབས་དང་མཚུངས་པ་གསལ་བྱེད་ཀྱི་སྒྲ། རབ་རྟོག་གསལ་བྱེད་ཀྱི་སྒྲ་སོགས་རིམ་ཅན་དུ་འཇུག་དགོས་པས་རང་བཞིན་བརྗོད་པ་ལྟར་འཇུག་སྐྱེན་པོ་ཞིག་མ་ཡིན་ནོ། ། དཔེར་ན། “ནེའུ་གསིང་གཡུ་ཡི་མཎྜལ་ཕྱིས་འདྲར་སྔོ། ། མེ་ཏོག་ཕྲེང་མཛེས་སྐར་ཚོགས་བཞིན་དུ་བཀྲ། ། བུང་བའི་མགྲིན་སྒྲ་རྒྱུད་མངས་ལྟར་སྙན་པའི། ། དཔྱིད་ཀྱི་དུས་འདི་ལྷ་ཡུལ་ལྟ་བུར་མཛེས། །”ཞེས་པ་བཞིན་དཔེ་དང་དཔེ་ཅན་གཉིས་ཕན་ཚུན་འདྲ་མཚུངས་སུ་སྦྱར་བ་ཙམ་མ་ཡིན་པར། དེ་གཉིས་ཀྱི་མཚུངས་ཆོས། མཚུངས་གསལ་གྱི་སྒྲ་སོགས་རེ་རེ་ནས་ངེས་དགོས་ཤིང་། ཡང་དཔེར་ན།“རི་བོང་འཛིན་པ་རྒྱུ་སྐར་ཕྲེང་བ་ཅན། ། མཚན་མོ་མཁའ་ལ་རྒྱུ་བ་མ་མཐོང་བས། ། དྭངས་པའི་མཚོ་ནང་འདི་ན་ཟླ་བ་ཞེས། ། གཟུགས་བརྙན་ཟླ་བར་འཛིན་པ་བྱིས་པའི་བློ། །”
ཞེས་པའི་བསྡུས་བརྗོད་རྒྱན་འདི་ནི་བརྗོད་འདོད་ཀྱི་དངོས་པོ་གཞན་ཞིག་ཡིད་ལ་བཞག་ནས་དེ་དང་མཚུངས་པའི་དངོས་པོ་གཞན་ཞིག་གི་སྟེང་ནས་དོན་མི་གསལ་ཞིང་བསྡུས་པས། ཚིག་རྒྱན་གྱི་བློ་སྦྱོང་དང་ཟབ་གསལ་མྱུར་གསུམ་གྱི་ཤེས་པ་མི་མངའ་མཁན་ཞིག་ཡིན་ཚེ་ཡིད་དུ་འཐད་པའི་དོན་རྣམས་བདེ་བླག་ཏུ་རྫོགས་པར་སྟོན་མི་ནུས་པས། ངག་མ་འཁྱོག་པར་དྲང་བོ། རང་བཞིན་རྣལ་མར་བརྗོད་པ་ནི། ངག་སྤྱིའི་གཉུག་མའི་ངག་ཡིན་པས་ལས་དང་པོ་བ་སྙན་ངག་ལ་འཇུག་པའི་སྤྲོ་བ་བསྐྱེད་ཕྱིར་དམིགས་བསལ་གྱིས་དང་པོར་བཞག་པར་འདོད། འོན་ཀྱང་སྙན་ངག་ལ་འཇུག་པའི་ལས་དང་པོ་བ་ཞིག་ལ་མཚོན་ན་རང་བཞིན་བརྗོད་པའི་རྒྱན་བྲི་རྒྱུ་ནི་ལས་སླ་བར་སྣང་བ་དང་། དཔེ་རྒྱན་ལ་སོགས་པའི་སྒོ་ནས་བརྩམ་རྒྱུ་ནི་དཀའ་བ་ལྟ་བུར་མངོན་པ་དེ་ནི་གཙོ་བོ་རྒྱན་གྱི་དཔེར་བརྗོད་འགྲོ་བ་ཙམ་ལ་དམིགས་ནས་བཤད་པ་ཞིག་ཡིན་འདུག་ལ། དངོས་འབྲེལ་བྱས་ན་རྒྱན་དེ་གཉིས་ཀྱི་ལམ་ནས་ཡིད་དབང་འཕྲོག་ཐུབ་པའི་ཚིག་སྦྱོར་ཞིག་སྤེལ་དགོས་ན་འཁྱོག་བརྗོད་ཀྱི་རྒྱན་ལས་རང་བཞིན་བརྗོད་པའི་རྒྱན་དེ་རྩོམ་དཀའ་བའི་གནས་སུ་འགྱུར་ལ་རང་བཞིན་བརྗོད་པའི་རྒྱན་གྱི་ལམ་ནས་ཡིད་དབང་འཕྲོག་པའི་སྙན་རྩོམ་ཞིག་འབྲི་ཐུབ་ན་དེ་ནི་འཁྱོག་པར་བརྗོད་པའི་སྙན་རྩོམ་ལས་ཀྱང་གསོན་ཉམས་ལྡན་པ་ཞིག་ཏུ་འགྱུར་བར་བཞེད། དཔེར་ན་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་སྙན་རྩོམ་རྣམས་རབ་རྟོག་དང་འུད་བསྟོད་སོགས་ཀྱི་རྒྱན་གྱིས་མ་བཅིངས་པར་རང་བཞིན་བརྗོད་པའི་རྒྱན་དང་ཕལ་སྐད་ཁོ་ནས་བྲིས་པ་ཞིག་ཡིན་ནའང་། ཚོར་འདུ་ཤུགས་དྲག་པའི་རྐྱེན་གྱིས་ཀློག་པ་པོའི་སེམས་ལ་བདེ་སྡུག་གི་ཚོར་བ་རྣམ་པར་བསྐྱེད་པའི་ནུས་པ་དང་ལྡན་ཏེ། མི་རྟག་དྲན་མགུར་དང་སྲིད་པའི་འབྱོར་བ་མ་སོགས་ལས་ཀྱང་ཤེས་སླ་སྟེ། མངོན་བརྗོད་དང་ཚིག་རྒྱན་ཉུང་ཞིང་། འཁྱོག་བརྗོད་དང་གབ་སྦས་ཀྱི་ལམ་ནས་བརྗོད་པ་མ་ཡིན་པར་རང་བཞིན་བརྗོད་པའི་རྒྱན་དང་གོ་སླ་བའི་ཚིག་གིས་བརྗོད་པ་ཤ་སྟག་ཡིན་པས་རྨད་བྱུང་གི་ཁྱད་ཆོས་མཆིས་སོ། །

མཇུག་སྡུད་པ།

རང་བཞིན་བརྗོད་པའི་རྒྱན་དེ་ཧ་ཅང་ཉེ་བར་མཁོ་བ་ནི་རྒྱ་ཡེ་བཀྲ་བྷོས“བོད་ཀྱི་སྙན་ངག་པ་ཚང་མའི་རྒྱུན་བཀོལ་ལག་ཆ་ནི་ཕལ་ཆེར་རང་བཞིན་བརྗོད་པའི་རྒྱན། དཔེ་རྒྱན། གཟུགས་རྒྱན། རབ་བཏགས་ཀྱི་རྒྱན། ཕུལ་བྱུང་གི་རྒྱན། སྒྲ་རྒྱན་བཅས”①དང་། ཡང་སློབ་དཔོན་དབྱུག་པ་ཅན་གྱིས“རིགས་དང་བྱ་བ་ཡོན་ཏན་རྫས། ། རང་བཞིན་བརྗོད་པ་འདི་འདྲ་ནི། ། བསྟན་བཅོས་ཉིད་ལ་རྒྱལ་སྲིད་ཉིད། ། སྙན་ངག་རྣམས་ལའང་འདི་དག་འདོད། །”ཅེས་པ་བཞིན། མདོར་ན་རང་བཞིན་བརྗོད་པའི་རྒྱན་འདི་ནི་རྒྱ་བོད་མཁས་པ་རྣམས་ཀྱིས་ཆེས་གཙིགས་འཛིན་བྱེད་ཅིང་བཀོལ་རྒྱ་ཆེ་བའི་རྒྱན་ཞིག་ཡིན་ཕྱིར། བརྗོད་པར་བྱ་བའི་དངོས་པོ་རྣམས་ཀྱི་རང་བཞིན་འཁྱོག་པོར་བརྗོད་པ་མ་ཡིན་པར། དྲང་བོའི་ལམ་ནས་བརྗོད་བྱ་གང་ཡིན་པ་དེའི་རང་བཞིན་གསལ་བོར་སྟོན་པ་ནི་དམིགས་བསལ་ཅན་གྱི་རྒྱན་འགའ་རེ་མ་གཏོགས་སྙན་ངག་གི་རྒྱན་ཀུན་ལ་ཁྱབ་ཅིང་། བསྟོད་སྨད་ཀྱི་དོན་དུ་འཁྱོག་པོར་བརྗོད་པས་བརྩམས་པ་རྣམས་མ་གཏོགས་པའི་བསྟན་བཅོས་ཐམས་ཅད་རྒྱན་འདིའི་རང་བཞིན་དུ་སྦྱར་བ་འབའ་ཞིག་ཡིན་པས། རྒྱལ་སྲིད་ཆེན་པོའི་དཔལ་གྱིས་མངའ་འབངས་ཡོངས་ལ་ཁྱབ་པ་བཞིན་དུ་རྒྱན་འདིས་འཁྱོག་པོར་མ་བརྗོད་པའི་བསྟན་བཅོས་ཀུན་ལ་ཁྱབ་པར་མ་ཟད། འཁྱོག་བརྗོད་ཀྱི་རྣམ་པ་མང་པོར་སྦྱར་བའི་སྙན་ངག་གི་བསྟན་བཅོས་ལའང་འདི་ཉིད་འདོད་པས་གཞུང་འདིར་རྒྱན་གྱི་ཐོག་མར་བཀོད་པའོ། །


* བཙན་སྐྱབས་རྒྱལ། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི2019ལོའི་གནའ་རབས་རྩོམ་རིག་གི་རབ་འབྱམས་ཞིབ་འཇུག་སློབ་མ་ཡིན།


① དོར་ཞི་གདོང་དྲུག་སྙེམས་བློ། སྙན་ཚིག་རིག་པའི་ཤེས་བྱ་གནད་བསྡུས། [G] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2018:18

② བསེ་ཚང་བློ་བཟང་དཔལ་ལྡན། བསེ་ཚང་བློ་བཟང་དཔལ་ལྡན་གྱི་གསུང་རྩོམ། [པོད་དང་པོ] [G] མི་རིགས་དཔེ་སྐྲུན་ཁང་། 2001:77


① དབྱུག་པ་ཅན་སོགས་ཀྱིས་མཛད། སྙན་ངག་མེ་ལོང་མ་རྩ་འགྲེལ་ཕྱོགས་བསྒྲིགས། [པོད་དང་པོ] [G] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2016:65


① འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ། སྙན་ངག་མེ་ལོང་གི་འགྲེལ་བ་དབྱངས་ཅན་ངག་གི་རོལ་མཚོ། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2018:377

② དབྱུག་པ་ཅན་སོགས་ཀྱིས་མཛད། སྙན་ངག་མེ་ལོང་མ་རྩ་འགྲེལ་ཕྱོགས་བསྒྲིགས། [པོད་དང་པོ] [G] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2016:312


① འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ། རྒྱན་གྱི་བསྟན་བཅོས་དབྱངས་ཅན་ངག་གི་རོལ་མཚོ། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2018:186.

② ངོར་ཆེན་དཀོན་མཆོག་ལྷུན་གྲུབ་སོགས་ཀྱིས་མཛད། སྙན་ངག་མེ་ལོང་མ་རྩ་འགྲེལ་ཕྱོགས་བསྒྲིགས། [པོད་བརྒྱད་པ] [G] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2016:283


① འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ། རྒྱན་གྱི་བསྟན་བཅོས་དབྱངས་ཅན་ངག་གི་རོལ་མཚོ། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2018:16

② རྒྱལ་དབང་ལྔ་པ་ཆེན་པོ་སོགས་ཀྱིས་མཛད། སྙན་ངག་མེ་ལོང་མ་རྩ་འགྲེལ་ཕྱོགས་བསྒྲིགས། [པོད་དྲུག་པ] [G] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2016 :43

③ འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ། རྒྱན་གྱི་བསྟན་བཅོས་དབྱངས་ཅན་ངག་གི་རོལ་མཚོ། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2018:185


① སྣར་ཐང་པ་སངྒྷ་ཤྲཱི་སོགས་ཀྱིས་མཛད། སྙན་ངག་མེ་ལོང་མ་རྩ་འགྲེལ་ཕྱོགས་བསྒྲིགས། [པོད་གཉིས་པ] [G] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2015:735


① རྒྱ་ཡེ་བཀྲ་བྷོ། བོད་ཀྱི་གནའ་རབས་རྩོམ་རིག་གི་རིགས་དང་ལུས་ཀྱི་རྣམ་གཞག་ཚངས་པའི་ཚད་ཡིག [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2006:62


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1