མཚོ་བྱང་། སྐྱེ་ཁམས་ཀྱི་བདག་ཉིད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-17


མཚོ་སྔོན་པོ། 
    མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནི་མཚོ་སྔོན་པོའི་བྱང་རྒྱུད་དུ་གནས་པས་མཚོ་བྱང་ཞེས་མིང་དེ་ལྟར་ཐོགས་ལ། གནས་འདིར་བཀྲག་མདངས་རབ་ཏུ་འཚེར་བའི“རྡུལ་ཕྲན་མཁར”དང“མཚོ་སྔོན་པོ”། “གསེར་ཉ་ཡར་འགྲོ”སོགས་ཡོད་པར་མ་ཟད། བརྗིད་ཆགས་ཡིད་དུ་འོང་བའི་གངས་རི་དང་མུ་མཐའ་མེད་པའི་རྩྭ་ཐང་། ཡངས་ཤིང་རྒྱ་ཆེ་བའི་ནགས་ཚལ། ཤ་ཤེད་རབ་ཏུ་རྒྱས་པའི་ནོར་ལུག་སོགས་ཀྱང་ཡོད།
     མཚོ་བྱང་ནི་ཆུ་དང་བསྟུན་ནས་འགུལ་སྐྱོད་བྱེད་བཞིན་ཡོད་དེ། གནས་འདི་ནི་མཚོ་སྔོན་པོ་དང་ཙོང་ཆུ། མུ་རིའི་ཆུ། བར་དམ་ཆུ་བཅས་ཀྱི་ཆུ་ཁུངས་གསོ་སྐྱོང་ཁུལ་དང་ཆུ་མགོ་ཡིན་ཞིང་། མཚོ་སྔོན་པོར་བཞུར་ཚད་ཀྱི80%ནི་དེ་ལས་བྱུང་ལ། རྨ་ནུབ་དོག་ལམ་དང་ནང་སོག་གི་ཨེར་ཅི་ན་ཆི་བརྒྱུད་ནས་བཞུར་བའི་བར་དམ་ཆུ་དང་ཐོ་ལེ་ཆུའི90%ཡང་དེ་ནས་བྱུང་བར་མ་ཟད། མཚོ་སྔོན་གྱི་མ་ཡུམ་ཆུ་བོ་སྟེ་ཙོང་ཆུ་ཡང་གནས་འདི་ནས་གཅིག་སྡུད་ཐོག་ཆེ་རུ་ཕྱིན་ཡོད་པ་རེད།
    “ཀྲུང་ཧྭ་མི་རིགས་ཀྱི་སྲོག་ཤིང་དུ་གྱུར་བའི་གནས་མཆོག”དེ་ཡང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་གྱི་གསེར་དངུལ་རྩྭ་ཐང་དུ་ཡོད་ལ། དེ་ནི་རང་རྒྱལ་གྱི་ཉིང་རྡུལ་མཚོན་ཆ་ཞིབ་བཟོ་རྟེན་གཞི་དང་པོ་དེ་ཡིན་པས་རང་རྒྱལ་གྱི་རྡུལ་ཕྲན་འབར་མདེལ་དང་པོ་དང་ཆིང་མདེལ་དང་པོའང་གནས་འདི་ནས་ཞིབ་བཟོ་བྱས་པ་ཡིན།
    ཟི་ལིང་གྲོང་ཁྱེར་ནས་རླངས་འཁོར་ལ་བསྡད་དེ་ཆུ་ཚོད་གཉིས་ཙམ་ལ་སྐྱོད་ཚེ་ནུབ་མཚོ་གྲོང་རྡལ་དུ་ཐོན་ལ། ལམ་བར་དུ་ས་བབ་རིམ་བཞིན་མཐོ་རུ་ཕྱིན་པ་དང་དེ་བཞིན་དྲོད་ཚད་མར་ཆག་པ་དང་ལྷན་དུ་ཚན་ཞིབ་མི་སྣས་སྔོན་ཆད་གནས་འདི་རུ་དཀའ་ཚེགས་གང་མང་ཞིག་མྱངས་ཡོད་པ་ཡིད་ལ་དབང་མེད་དུ་འཁོར་ཡོང་།
    དཀའ་སྡུག་ཚད་མེད་ཀྱི་ཁོར་ཡུག་ཁྲོད་ནུབ་མཚོ་གྲོང་རྡལ་འདི་ཉིད་དུས་ད་ལྟ་རི་ཆུ་ནགས་གསུམ་འཛོམས་པའི་གནས་མཆོག་ཅིག་ཏུ་གྱུར་ཡོད་ལ། རྫོང་མཁར་གྱི་ཤར་ནུབ་ཕྱོགས་གཉིས་སུ་གསེར་མཚེའུ་དང་དངུལ་མཚེའུ་ཡོད་ཅིང་། སྒྱུར་བཀོད་རིམ་སྤོར་བྱས་པ་བརྒྱུད། དེ་གར་མཛེས་ཤིང་ལྟ་ན་སྡུག་པའི་ཁོར་ཡུག་དང་དྭངས་ཤིང་གཙང་བའི་ཆུ་བོས་རབ་ཏུ་བརྒྱན་ཡོད།
    ཀའོ་ཀོང་ཧྲིན་ནི་གསེར་མཚེའུ་ཡི་སྐོར་སྲུང་བ་ཞིག་ཡིན་ལ་གཟའ་འཁོར་རེར་ཉུང་མཐར་ཡང་ཐེངས་གསུམ་ལ་སྐོར་ཞིབ་བྱེད་ཀྱི་ཡོད། ཆུ་ལམ་གཙང་སྦྲ་དང་འབྲུབ་འགོག་སོགས་ཀྱི་གནད་དོན་ཡོད་ཚེ་འཕྲལ་མར་བཅོས་སྐྱོང་བཀོད་སྒྲིག་བྱེད་བཞིན་ཡོད། ཁོ་ནི་ཆུ་ལམ་གཙང་སྦྲ་བྱེད་པའི་ལྟ་སྐུལ་བ་ཞིག་ཡིན་པར་མ་ཟད་ཆུ་ལམ་དོ་དམ་སྲུང་སྐྱོང་གི་དྲིལ་བསྒྲགས་པ་ཞིག་ཀྱང་ཡིན་པས་ཉིན་མཚན་དུས་དྲུག་ཏུ་གསེར་མཚེའུ་ལ་སྲུང་སྐྱོབ་བྱེད་བཞིན་ཡོད།
     ཆུ་དཔོན་ལམ་ལུགས་ཀྱི་བྱ་བ་སྤེལ་བ་ནས་བཟུང་། གནས་འདིའི་ཆུ་དྭངས་ཤིང་གཙང་བར་གྱུར་ནས་ཁོར་ཡུག་ལའང་འགྱུར་ལྡོག་བྱུང་བས་ལོ་ལྟར་དུས་བྱ་མི་ཉུང་བ་ཞིག་གནས་འདིར་ཡོང་སྟེ་འཚོ་གནས་བྱེད་བཞིན་འདུག་ཅེས་ཀའོ་ཀོང་ཧྲིན་གྱིས་དེ་ལྟར་བཤད།
     ནུབ་མཚོ་གྲོང་རྡལ་ནི་ཙོང་ཆུའི་འབབ་རྒྱུད་དུ་གཏོགས་ཤིང་། གནས་འདི་རུ་སྙན་པའི་གྲགས་པ་འབར་བའི“རྡུལ་ཕྲན་མཁར”ཡོད་པར་མ་ཟད། ད་དུང་གསེར་དངུལ་ཐང་ཡང་ཡོད་ལ། 《རྒྱང་ཐག་རིང་བའི་གནས་དེ་ན》ཞེས་པའི་གླུ་གཞས་དེའང་ཏག་ཏག་གནས་འདི་ནས་བརྩམས་པ་རེད། 
    ནུབ་མཚོ་གྲོང་རྡལ་ནས་ནུབ་ཕྱོགས་སུ་ཆུ་ཚོད་གཅིག་ཙམ་སོང་ན་ཝ་མགྱོགས་སུ་སླེབས་ལ། འདི་ནི་མཚོ་སྔོན་པོའི་སྐམ་སའི་དབུས་ཁུལ་གྱི་ཆུ་བོ་ཞིག་ཡིན། དཔྱིད་ཀ་སླེབས་ཀྱང་ས་བབ་མཐོ་བའི་རྐྱེན་གྱིས་གནམ་གཤིས་སྔར་བཞིན་ཧ་ཅང་འཁྱག
     ལིས་ཧུང་ལུའུ་ནི་མདའ་བཞི་རྫོང་ཝ་མགྱོགས་ཞང་གི་སྐྱེ་ཁམས་སྐོར་ཞིབ་པ་ཞིག་ཡིན་པ་དང་། གྲོང་གསེབ་ཀྱི་འཕྲོད་བསྟེན་ཁོར་ཡུག་ལ་སྲུང་སྐྱོབ་བྱ་རྒྱུ་ནི་ཁོའི་བྱ་བ་གཙོ་བོ་ཞིག་རེད། 
    “ཆུ་དཔོན་ལམ་ལུགས་ཀྱི་དྲིལ་སྒྲོག་བྱ་བ་བརྒྱུད་ད་ལྟ་མི་རྣམས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་པ་དང་ཆུ་ལམ་གྱི་གད་སྙིགས་ཀྱང་ཉུང་དུ་ཕྱིན་ཡོད” ཅེས་ལིས་ཧུང་ལུའུ་ཡིས་བཤད། 
     ནུབ་མཚོ་གྲོང་རྡལ་ཆུ་དཔོན་གཞུང་ལས་ཁང་གི་ཀྲུའུ་རིན་ཨན་ཡུང་ལའེ་ཡིས2021ལོར་མདའ་བཞི་རྫོང་གི་རིམ་པ་ཁག་གི་གཙང་བོ་དང་མཚེའུ་ལ་རིམ་རྩིས་བྱས་ན་ཐེངས4500སྐོར་ཞིབ་བྱས་ནས་གསར་བརྗེས་ཀྱི་ཡོངས་བསྒྲགས་བྱང་བུ68དང་གཏན་འཇགས་རང་བཞིན་གྱི་ཡོངས་བསྒྲགས་བྱང་བུ58། འཚོ་བའི་གད་སྙིགས་ཏུན35.4། འཛུགས་སྐྲུན་གད་སྙིགས་ཏུན26.7བཅས་གཙང་བཤེར་བཅོས་སྒྲིག་བྱས་ནས་མཉམ་དུ་དོ་དམ་བྱེད་པའི་རྣམ་པ་བཟང་བོ་ཞིག་མངོན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། 
    མདའ་བཞི་རྫོང་ཙམ་མ་ཟད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་རྒྱ་ཆེ་ལ་ཆུ་དཔོན་ལམ་ལུགས་ཀྱི་བྱ་བའི་འོག་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་གཏམ་རྒྱུད་ཡོད། 
    རྐང་ཚ་རྫོང་དུ་སྐྱོད་ཚེ། ལོ་རེའི་དབྱར་དུས་སུ་མཚོ་སྔོན་པོའི་ནང་གི་གསེར་ཉ་ཁྲི་ཚོ་བརྒྱ་ཕྲག་མང་བོ་ཁྱུ་དང་ཁྱུ་བྱས་ནས་མཚོ་སྔོན་པོའི་ནང་བཞུར་ཆུ་རྒྱུན་བརྒྱུད་དེ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་འོམ་ཆུ་གཙང་བོ་དང་དཔལ་དགེ་ཆུ་བོའི་ནང་ཉ་ཕྲུག་བཙའ་བར་འགྲོ་བ་དེ་ནི་ལམ་ཐག་རིང་བའི་ཚེ་སྲོག་ཡར་འགྲོའི་རྣམ་པ་ཞིག་ཡིན་ལ། “ཆུ་བོའི་ཕྱེད་ཀ་ཆུ་དང་ཕྱེད་ཀ་ཉ”ཡིན་པའི་ས་མཐོའི་མཛེས་ལྗོངས་ངོ་མཚར་བ་ཞིག་གྲུབ་ཡོད།
    འཇུ་ལག་རྫོང་དུ་སྐྱོད་ཚེ། ལོག་དཀར་མེ་ཏོག་རབ་ཏུ་བཞད་པས་ས་གནས་མང་ཚོགས་ཀྱིས་སྐྱེ་ཁམས་ཡུལ་སྐོར་གྱི་ཐོན་ཁུངས་ལ་བརྟེན་ནས་ཡོང་འབབ་གསོག་ཐུབ་པ་བྱུང་ཡོད་ལ། མེ་ཏོག་ལྡུམ་རའི་གཞོགས་གཅིག་ཏུ་མུ་རིའི་ཆུ་ཤར་ཕྱོགས་སུ་བཞུར་ནས་མཚོ་སྔོན་གྱི་ཆུ་བེད་ལས་གྲྭ“ཨང་དང་པོ”བརྒྱུད་དེ། ཙོང་ཆུའི་རོང་ཁུལ་གྱི་མ་འོངས་འབྱུང་འགྱུར་དང་འཕེལ་རྒྱས་ལ་རེ་བ་བསྩལ་ཡོད།
   མདོ་ལ་རྫོང་དུ་སྐྱོད་ཚེ། མཐའ་བཞི་རི་ཆུས་བསྐོར་ཞིང་ཞིང་ས་བརླན་ལ། རྩྭ་ཆུ་འཛོམས་པ། གང་སར་སྔོ་ལྗང་གིས་ཁེངས་བས་སྐྱེ་ཁམས་ཁོར་ཡུག་དང་སྤྱི་ཚོགས་དཔལ་འབྱོར་མཐུན་སྦྱོར་འཕེལ་རྒྱས་འགྲོ་བའི་འཆམ་མཐུན་རོལ་དབྱངས་ཤིག་གྲགས་ཡོང།
     མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆུ་དཔོན་ལམ་ལུགས་གཞུང་ལས་ཁང་གི་ལས་བཟོ་བ་ཏུང་ཚུན་ཁུའེ་ཡིས་མཚོ་བྱང་ཁུལ་ཁོངས་གཏོགས་སུ་ཆུ་བོ23ཡོད་ཅིང་། 2017ལོར་ཆུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བའི་བྱ་བ་སྤེལ་ཚུན། ཁུལ་ཡོངས་ཀྱི་གོང་འོག་ཚང་མར་ཆུ་དཔོན323དང་མཚོ་ཆུ་བདག་སྐྱོང་བ411ཡོད་ཅེས་ངོ་སྤྲོད་བྱས།
   “ལོ་དྲུག་གི་དྲིལ་སྒྲོག་ཁྲིད་སྟོན་ལ་བརྟེན་ནས་ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཆུ་དཔོན་གྱིས་བྱ་བའི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུགས་ཀྱི་རང་བཞིན་ལ་ངོས་འཛིན་གསར་བ་བྱུང་ཡོད་ལ། ཁུལ་ཡོངས་ཀྱི་རོང་འབྲོག་མང་ཚོགས་ཀྱི་སྐྱེ་ཁམས་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་ནས་རང་རྟོགས་ངང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགུལ་སྐྱོད་སྤེལ་བར་མ་ཟད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་རྣམ་པ་ཡང་ཉིན་རེ་བཞིན་ཇེ་ཟབ་ཏུ་འགྲོ་བཞིན་ཡོད།”ཅེས་ཏུང་ཚུན་ཁུའེ་ཡིས་དེ་ལྟར་བཤད་ལ། ཁོས་ཁོངས་གཏོགས་ཁུལ་གྱི་ཆུ་རྒྱུད་གསུམ(ཙོང་ཆུ་དང་མཚོ་སྔོན་པོ། བར་དམ་ཆུ)གྱི་ཆུ་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་དང་། ས་མཚམས་ཀྱི་ཆུའི་སྤུས་ཀ་རིགསIIཡན་དུ་སླེབས་ཡོད་ལ། “དྭངས་གཙང་ཆུ་མོ་ཤར་དུ་རྒྱུག་པར”འགན་ལེན་ཐུབ་པ་དང་། གཙང་བོ་དང་མཚེའུ་ཡི་མཐའ་འཁོར་ལ་གང་བྱུང་དུ་སྔོག་འདོན་བྱེད་པ་སོགས་ཀྱི་བྱ་སྤྱོད་བཀག་འགོག་ནུས་ལྡན་དང་། གཙང་བོ་དང་མཚེའུ་ཡི་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་སྔར་བས་ཇེ་ལེགས་སུ་བཏང་ནས་སྐྱེ་ཁམས་ཁོར་ཡུག་བཟང་བོ་ཆགས་རྒྱུར་རྨང་གཞི་བརྟན་པོ་བཏིངས་ཡོད་པར་བཤད།
དབྱར་དུས་ཀྱི་གསེར་མཚེའུ།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་དུ་ཡོད་པའི་བར་དམ་ཆུ་བོའི་མགོ་ཁུངས། 

ཝ་མགྱོགས་ཆུ་མཚོ་སྔོན་པོའི་ནང་དུ་བཞུར་བ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1