མུ་རྒོད་སླེབས་དུས། (ཞར་བཀོད་གཅིག)

ཁྲི་སེམས་དཔའ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-30


ཉི་མ་ནུབ་པ་དང་།

མུན་པས་ཟིན་པའི་མཁའ་དབྱིངས་ནི་རྡོ་དང་མཚུངས་པར་གྲང་མོར་གྱུར།

ཐལ་རྡུལ་སྟུག་པོའི་ཁྲོད།

ཕན་ཚུན་གྱི་གདོང་རིས་ཀྱང་མཐོང་མི་ཐུབ།

ངུ་ངག་གི་སྒྱོགས་སྒྲ་ཡིས།

ལ་རྒྱ་ཡོད་ཚད་ཐང་ལ་བསྒྱེལ།

མཚན་མོ་ནི་བྱེ་ཐང་གི་གཏིིང་རིམ་དུ་ཟུག་ཅིང་།

སྐྱ་རེངས་ལ་སྒུག་ལོང་མ་བྱུང་བར།

སྐྱེས་དམན་གྱི་གདོད་མའི་བུ་སྣོད་ནང་རུལ།

མིག་ཕྱེས་པ་དང་ཡོད་ཚད་མཇུག་རྫོགས་སོང་།

མིག་ཆུ་རྡོག་གཅིག་གི་སྡུག་བསྔལ་ནང་།

སའི་གོ་ལའི་ཟུར་གཅིག་གི་ལྗིད་ཚད་ཆུད་ཐུབ།

གདོང་བཏུམ་པ་དེས།

འཇིག་རྟེན་གྱི་ཆོས་ཀུན་པོའི་ཚོན་མདངས་ཀྱང་བཏུམ་སོང་།

ཁྱོད་ཀྱིས་མཐོང་བ་ནི་ཉི་མའི་ལྟག་རྒྱབ་ཙམ་རེད།

ཁྱོད་མར་ཙོག་པའི་སྐད་ཅིག་མ་དེར།

འཛམ་གླིང་ཡང་ཉིལ་སོང་།

འགུལ་མེད་ཀྱི་རླུང་གིས་དབུགས་བསྒགས་ནས།

རི་སྒང་དུ་འགྲེངས་ཤིང་།

རང་སྲོག་གཅོད་པར་གྲ་སྒྲིག་བྱེད།

རླུང་གི་ཁ་ཕྱོགས།

རི་སྒང་སྐྱ་ཐང་ཐང་དུ་གྱུར།

མཚན་གང་པོར་ལྡང་བའི་རླུང་གིས།

ཞབས་རྗེས་རིང་པོ་ཞིག་བསྐྱུར་རྗེས།

རྩྭ་ཕྲན་རྐང་གཅིག་གི་གཞུང་རྟའི་སྦུབས་སུ་འཁུམ།

རྒྱང་རིང་ནི་མུ་མེད་ཀྱི་དབེན་ཐང་ཡིན།

ཚ་ལམ་ལམ་གྱི་རྡོ་བས་ཨག་རིང་འདེབས།

དེ་ནི་གང་ཞིག་ཡིན་ནམ།

ཀྱག་ཀྱོག་ཏུ་འཐེན་པའི་བྱེ་རྡུལ་གྱི་ལམ་ཕྲན།

ང་དང་ཉེ་བར་བཅར་འོངས།

རླུང་མཚན་གང་པོར་ལྡང་།

སུ་ཞིག་གིས་ས་གཞིའི་དབེན་འཇགས་ཀྱི་བྲང་གཞུང་དབྲལ་ནས།

ཡུན་རིང་གི་རེ་སྒུག

རྡུལ་དུ་བརླགས་ཐུབ།

སྐྱ་རེངས་མ་ཤར་གོང་གི་འོད་ཟ་ཟིས།

ཁྱོད་རང་ཁྲིད་དེ་ཕྱིར་ལོག་པའི་ལམ་དུ་ཆས།

རླུང་གིས་རླུང་གི་ཟོལ་གྱིས།

ཉི་འོད་ཀྱི་ཕྱོགས་རིས་ལ་འགྲན་སློང་བར་བྱེད།

ལོག་མི་ཐུབ་པའི་ཁྱིམ་གཞིས་ནི།

རླུང་གི་ཚང་མལ་ཡིན།

རླུང་གང་སར་ཁྱབ་པའི་རི་ཀླུང་ཀུན་ཏུ།

སྒྱོགས་ཆེན་གྱི་གས་སྒྲ་གྲགས་འོངས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1