ལྷ་རིས་པ་དིས་ཆུང་བུ་ཁེའི་ཐང་གའི་རི་མོའི་བརྩམས་ཆོས་བདམས་བཀོད།

དོན་གྲུབ་ཆོས་སྒྲོན་གྱིས་བྲིས་ཤིང་དིས་ཆུང་བུ་ཁེས་པར་མཁོ་འདོན་བྱས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-30


ལྷ་བཟོ་དིས་ཆུང་བུ་ཁེ་ནི་སྤྱི་ལོ་1965ལོར་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སྡེ་དགེ་རྫོང་ལྕང་ར་གྲོང་རྡལ་གྱི་ཁོངས་གཏོགས་སི་ཏུ་ཆོས་འབྱུང་འཁྲུངས་ཡུལ་ཨ་ལོ་དིང་རིང་སྒང་དུ་སྐྱེས། ལོ་ན་ལྔ་ཙམ་ནས་དཔལ་སྤུངས་མཁན་ཆེན་ཁུ་བོ་དིས་ཆུང་བློ་ཆོས་ཀྱི་སྐུ་མདུན་ནས་བོད་ཡིག་འབྲི་ཀློག་སྦྱངས། སྤྱི་ལོ་1982ལོ་ནས་དཔལ་ལུགས་སྒར་བྲིས་ཀྱི་མཁས་དབང་ཆེན་མོ་ཐང་བླ་ཚེ་དབང་གཙོ་བོར་བྱས་པའི་ཁང་སར་འཇམ་དཔལ་དང་དར་རྒྱས་སོགས་ཀྱི་སྐུ་མདུན་ནས་ཐིག་དང་རི་མོ། ཚོན་མདངས། དེ་མིན་རས་གཞི་བཟོ་སྟངས་དང་ཚོན་ཕབ་ལུགས། པིར་ལས་སྲོལ་སོགས་མདོར་ན་ཀརྨ་སྒར་བྲིས་ཀྱི་གཞུང་ལུགས་ཆ་ཚང་བྱང་ཆུབ་པ་བསླབས།

མགོན་པོ་བེར་ནག་ཅན།

ད་ལྟའི་བར་དཔལ་ལུགས་སྒར་བྲིས་ཀྱི་ཐང་ག་རྒྱས་འབྲིང་བསྡུས་གསུམ་བརྒྱ་ཕྲག་བཞེངས་ཤིང་། རྒྱལ་ས་པེ་ཅིན་དང་བོད་ལྗོངས་ལྷ་ས། སི་ཁྲོན་ཁྲེང་ཏུའུ་སོགས་སུ་ཐང་གའི་འགྲེམས་སྟོན་སྤེལ་བ་དང་། འབྲེལ་ཡོད་བཤམས་སྟོན་ཁང་དང་དགོན་སྡེ་ཁག་ཏུ་ཐང་ག་སྤུས་ལེགས་གང་མང་གཉར་ཚགས་བྱས་ཡོད། ཁོང་གི་མཚོན་བྱེད་བརྩམས་ཆོས་ལ་《 ཟངས་མདོག་དཔལ་རི།》 དང་《རྗེ་གཡུ་ཐོག་པ།》 《 མར་མི་དྭགས་གསུམ།》 《 བདེ་ཆེན་ཞིང་བཀོད།》སོགས་ཤིན་ཏུ་མང་། ལས་ཞོར་དུ་སི་ཁྲོན་ནས་དཔལ་སྤུངས་དགོན་དང་དགོན་ཆེན་དགོན། ཐང་རྒྱལ་ལྷ་ཁང་། ལྕགས་ར་དགོན། གླིང་ཆུ་ངོགས་དགོན། ལི་ཐང་སྤང་ཕུག་དགོན་པ། མི་ཉག་ལྷ་སྒང་བཤད་གྲྭ། མཚོ་སྔོན་སྐྱོ་བྲག་དགོན། བོད་ལྗོངས་ཀུ་སེ་གསེར་ལྗོངས་དགོན་སོགས་མདོ་དབུས་ཁམས་གསུམ་གྱི་དགོན་སྡེ་དུ་མའི་འདུ་ཁང་ཕྱི་ནང་གི་ཚོན་རིས་དང་ལྡེབས་རིས་བྲིས། གཞན་ཡང་། སྤྱི་ལོ་2003ལོར་གེ་སར་སྟོང་ཐང་ཆེན་མོའི་ལས་གྲྭར་གདན་ཞུས་ལྟར་ཕེབས།


རྟ་མགྲིན་དབང་གི་རྒྱལ་པོ།


ཁོང་ནི་སྤྱིར་ཀརྨ་སྒར་བྲིས་ལ་ནང་བྱན་ཆུད་པར་མ་ཟད། སྒོས་སུ་གེ་སར་རྒྱལ་པོའི་སྒྲུང་ངག་གི་ཁུལ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་རྒྱུད་འཛིན་པ་ཡིན་ཞིང་། ཆུང་དུས་ནས་གླིང་སྒྲུང་གི་མི་སྣའི་སྣང་བརྙན་དང་གཏམ་རྒྱུད་ཀྱི་བྱུང་རིམ། ཕྱིའི་ཁོར་ཡུག་སོགས་ལ་བྱང་ཆ་ཤིན་ཏུ་ཆེ་སྟབས། ལོ་རྒྱུས་སྙན་རྩོམ་དེ་རས་གཞིའི་ངོས་སུ་སྣང་བརྙན་དུ་ཕབ་དུས་རྩལ་ཆེན་རྟ་ཐོག་ཏུ་སླེབས་པ་དང་མཚུངས་ཤིང་། གེ་སར་སྟོང་ཐང་འབྲི་བཞེངས་ལ་བྱས་རྗེས་བླ་ན་མེད་པར་བཞག །

བདེ་ཆེན་ཞིང་ཐང་།

དེ་ཡང་ཁམས་སྡེ་དགེ་དང་ཆབ་མདོའི་ཀར་ཤོད། ཡུལ་ཤུལ། ཨ་མདོ་རེབ་གོང་སོགས་ནས་ཕེབས་པའི་ལྷ་རིས་པ་དང་དེ་མིན་རྒྱ་ནག་གི་རི་མོ་མཁས་ཅན་མང་པོ་དང་རི་མོའི་སྐོར་ལ་བགྲོ་གླེང་དང་ཉམས་མྱོང་བརྗེ་རེས་གནང་། མདོ་དབུས་ཁམས་གསུམ་ནས་ཡོང་བའི་དོན་གཉེར་ཅན་གང་མང་ཞིག་ལ་ཀརྨ་སྒར་བྲིས་བསླབས་ཤིང་། བགྲང་བྱ་བཅུ་ཕྲག་ཁ་ཤས་ཀྱི་ཁྲོད་དུ་སྣོད་ལྡན་གྱི་སློབ་བུ་ཉིས་བརྒྱ་ལ་ཉེ་བ་ཙམ་རིན་མེད་ངང་གསོ་སྐྱོང་བྱས། ད་ལྟ་ཁུལ་རིམ་པའི་ཀརྨ་སྒར་བྲིས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་གི་རྒྱུད་འཛིན་པ་ཡིན་ལ། སྔ་གཞུག་ཏུ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་འཕྲིན་ལམ་དང་ཁམས་པའི་བརྙན་འཕྲིན་ཁང་། གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས། ཁམས་པའི་རིག་གནས་ཞིབ་འཇུག་ཁང་སོགས་ཀྱིས་གདན་ཞུས་དང་བཅར་འདྲི་བྱས། ཁོང་གིས་རྒྱུན་དུ་སློབ་བུ་རྣམས་དང་ཡང་ན་དྲ་བའི་འཕྲིན་ལམ་ཁག་ནས“སྒར་ལུགས་རྣལ་མའི་བྲིས་རྒྱུན་འདི་ནི་བོད་ཀྱི་རི་མོའི་ལུགས་ཤིན་ཏུ་གལ་ཆེན་ཞིག་ཡིན་གཤིས། རྒྱལ་ཁབ་ཕྱི་ནང་ཀུན་གྱིས་གདེང་འཇོག་ཚད་མཐོན་པོ་བྱེད་བཞིན་ཡོད་པས། ངས་རང་ནུས་ཅི་ལྕོགས་དང་འབད་བརྩོན་ལྷུར་ལེན་སྒོས་རྒྱུན་འཛིན་དང་དར་སྤེལ་བཏང་དང་གཏོང་བཞིན་ཡོད་ལ། ང་ཚོས་ཕྱར་བ་གྲུ་འདེགས་ཀྱི་དཔེ་ལྟར་དངོས་ཤུགས་བརྒྱུད་གསུམ་ནས་ནུས་པ་ཕྱུང་དགོས”ཞེས་ལབ་བཞིན་ཡོད་དོ། ། 

ཟངས་མདོག་དཔལ་རི།

གུ་རུ་པདྨ་འབྱུང་གནས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1