དེང་རབས་ཀྱི་ཀྲུང་གོའི་བོད་བརྒྱུད་ནང་བསྟན་ལས་རིགས་དང་སྤྱི་ཚོགས་ཕན་ ཚུན་སྐུལ་འདེད་དང་འཆམ་མཐུན་མཉམ་སྐྱོད་བྱ་དགོས།

བསོད་ནམས་ཆོས་འཕེལ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-30


ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་ལ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་ལ་སྐུལ་འདེད་གཏོང་དགོས་པའི་སྐོར་གྱི་གསུང་བཤད་ལས་བོད་ཀྱི་ལས་དོན་བསྒྲུབ་པར། ངེས་པར་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་གཞི་འཛིན་ས་དང་ཤུགས་རྒྱག་སར་བརྩི་རྒྱུ་མཐའ་འཁྱོངས་བྱེད་དགོས་ཞེས་གསུངས་པ་ནང་བཞིན། རླབས་ཆེ་བའི་ཀྲུང་གོ་གུང་ཁྲན་ཏང་དབུས་བརྙེས་ནས་ལོ་འཁོར་བརྒྱ་ལོན་པའི་དགའ་སྟོན་རྟེན་འབྲེལ་ཞུས་པ་དང་བསྟུན་ནས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་མ་འོངས་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ནི་སྔར་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བ་དང་མཐུན་དགོས་ལ། སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་འདོན་དགོས། འདི་ནི་དུས་རབས་དང་རྒྱལ་ཁབ། མི་དམངས་ཀྱིས་བོད་བརྒྱུད་ནང་བསྟན་ལ་བཅངས་པའི་རེ་བ་ཡིན། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ཕྱོགས་དང་མཐུན་པའི་ལམ་དུ་བསྐྱོད་དགོས།

བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་ཤེས་རྟོགས་ཡང་དག་པ་ཞིག་དང་། དེའི་འཕེལ་ཕྱོགས་དང་ཤུགས་རྐྱེན་སོགས་ལ་རྒྱུས་ལོན་བྱེད་ན་ཀྲུང་གོ་གསར་པས་འབྱོར་ལྡན་སྤྱི་ཚོགས་དང་གྲོང་གསེབ་འཕེལ་རྒྱས་གཏང་བ་ལ་ཕན། སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་དེ་ལས་འཚམ་པར་འགྱུར་ངེས། བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་གཉིས་འཚམ་མཐུན་དགོས་ན་མ་འོངས་པའི་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་དུ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བ་རྒྱུན་འཁྱོངས་བྱེད་ནས་ཀྲུང་ཧྭ་རིག་གནས་ཀྱི་བང་མཛོད་ནང་གི་རིག་གནས་བརྗེ་རེས་བྱེད་པའི་འབྲེལ་ཐག་གལ་ཆེན་ཡིན། དེ་ནི་ཀྲུང་གོའི་ས་ཞིང་ཆེན་མོ་ནས་དལ་མོར་འཕེལ་བའི་ཆོས་ལུགས་རིག་གནས་ཡིན་པས། དེང་རབས་ཀྱི་སྤྱི་ཚོགས་ཁྲོད་དུ་མཚོ་བོད་མཐོ་སྒང་དང་འབྲེལ་ཡོད་ས་ཁུལ་གྱི་མི་རྣམས་ཀྱིས་དེ་ལ་དད་པ་ཡོད་པའི་མཐུན་རྐྱེན་འདི་ལ་བརྟེན་ནས་ཏང་དང་མི་དམངས་བར་གྱི་གསེར་ཟམ་བྱེད་ཆོག་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་ཟབ་གཏོང་ཐུབ།

བོད་བརྒྱུད་ནང་བསྟན་ཆོས་ལུགས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་མཐུན་སྦྱོར་བྱ་རྒྱུ་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་མ་འོངས་པའི་འགྲོ་ལམ་ཡིན་པས། དད་ལྡན་མི་དམངས་ལ་སྤྱི་དམངས་ཀྱི་འདུ་ཤེས་ཡོད་དགོས། རྒྱལ་ཁབ་ཅིག་གི་རྒྱལ་ཁོངས་སུ་གཏོགས་པར་མ་ཟད་ཁྲིམས་ལུགས་གཏན་འབེབས་ལྟར་དབང་ཆ་ལོངས་སུ་སྤྱོད་པ་དང་། འོས་འགན་ཁུར་བའི་སྤྱི་དམངས་ཤིག་ཡིན་པའི་འདུ་ཤེས་ཟབ་མོ་ཆགས་བཅུག་དགོས། སྤྱི་དམངས་ཀྱི་འདུ་ཤེས་ཡོད་ན་ནང་བསྟན་པའམ་བླ་མ་གྲྭ་བཙུན་སུ་ཡིན་རུང་ཆོས་ལུགས་ཀྱི་ངོས་ནས་མིང་བཏགས་ཇི་འདྲ་ཞིག་ཡོད་ཀྱང་། དེས་ཁྱེད་ལ་མང་ཚོགས་དཀྱུས་མ་དང་མི་འདྲ་བའི་ཁྱད་དབང་གང་ཡང་མཚོན་མེད་པ་དང་།

མང་ཚོགས་དང་འདྲ་མཉམ་གྱི་འདུ་ཤེས་འཛུགས་རྒྱུ་ཧ་ཅང་གལ་ཆེན་ཡིན། འདྲ་མཉམ་མ་ཡིན་པའི་ལྟ་ཚུལ་འདི་ཆོས་ལུགས་ཁྲོད་གོ་གནས་དང་ཡོན་ཏན་ངེས་ཅན་ཡོད་པ་ཚོར་གནད་དོན་འདི་འབྱུང་བཞིན་ཡོད། དད་ལྡན་མང་ཚོགས་སོགས་ཀྱི་ཕྱག་དང་མཆོད་ཡུལ་སོགས་ཆགས་པ་ན་རང་གི་སེམས་ཀུན་ལས་ཁྱད་དུ་འཕགས་པ་ཞིག་ཡིན་སྙམ་པའི་བློ་བསྐྱེད་སྲིད། བློ་ངན་དེ་རང་ཉིད་ཀྱི་ཐོས་བསམ་ཉམས་ལེན་ལ་གནོད་པར་མ་ཟད། གང་དྲན་གང་བྱས་འགྲིག་བསྡད་པ་ཞིག་ཏུ་མཐོང་བཞིན་ཡོད། དེ་ནི་འདྲ་མཉམ་གྱི་འདུ་ཤེས་མ་འདང་བའི་རྐྱེན་གྱིས་རེད། དེའི་རྐྱེན་གྱིས་ངོ་ཚ་དང་ཁྲེལ་མེད་པ། བསྟན་པའི་ཞབས་འདྲེན། དམ་པ་གོང་མའི་ཞབས་འདྲེན་དད་ལྡན་མང་ཚོགས་ལ་སུན་སྣང་སྟེར་བ། སྤྱི་ཚོགས་ཐོག་མིག་དཔེ་ངན་པ་ཆགས་པ་སོགས་ཀྱི་སྐྱོན་འབྱུང་སྲིད། ཀུན་ལ་གུས་པ་དང་དམའ་ས་འཛིན་པའི་བསམ་པ་དེ་ཡོད་ན། སློབ་སྦྱོང་དང་ཉམས་ལེན་གྱི་རྨང་གཞི་བཙུགས་པ་ཡིན་ལ། མིང་དོན་མཚུངས་པའི་ཆོས་ལུགས་པ་ངོ་མ་ཞིག་ཀྱང་ཡོང་ངེས་པས་ང་ཚོ་ཆོས་བྱེད་མི་སྣས་འདྲ་མཉམ་གྱི་འདུ་ཤེས་འཛུགས་རྒྱུ་དེ་འགག་རྩ་ཞིག་རེད་བསམ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་འདུ་ཤེས་ཀྱི་ནང་དུ་སྤྱི་ཚོགས་ཀྱི་ཕྱོགས་ནས་འདྲ་མཉམ་དང་རང་དབང་། དྲང་བདེན། ཁྲིམས་སྐྱོང་བཅས་ཀྱི་བླང་བྱ་བཏོན་པ་དེས་བོད་བརྒྱུད་ནང་བསྟན་དུས་རབས་གསར་པའི་ནང་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཁྲོད་ཚད་གཞི་ལ་བཞག་ཆོག་ལ་དེ་ནི་དུས་རབས་གསར་པའི་ཁྱད་ཆོས་ལྡན་པའི་དད་ལྡན་པའི་སྣང་བརྙན་ཡིན་དགོས།

མི་གཙོ་བོར་འཛིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་དུས་རབས་གསར་པ་འདིར། བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་མཚོན་ན་རང་ཉིད་ཀྲུང་གོའི་བོད་བརྒྱུད་ནང་བསྟན་པ་ཞིག་ཡིན་པའི་ངོས་ནས་རང་རྒྱལ་གྱི་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཆམ་མཐུན་ཡོང་བའི་ཐོག་ནས་མི་དམངས་རྣམས་བདེ་སྐྱིད་ཀྱི་ལམ་ལ་བཀོད་དེ་ལེགས་སྐྱེས་འབུལ་རྒྱུ་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྩ་བའི་དགོངས་དོན་ཡང་ཡིན་ལ། སྤྱི་ཚོགས་རིང་ལུགས་ཀྱི་ཕུགས་འདུན་ཡང་ཡིན་པས། དེ་གཉིས་གཞི་རྩ་གཅིག་ཏུ་འབབ་བཞིན་ཡོད། བོད་བརྒྱུད་ནང་བསྟན་ཆོས་ལུགས་པས་སྔོན་བྱོན་དམ་པའི་བྱམས་སྙིང་རྗེ་བསྒོམས་ཏེ་སེམས་ཅན་བདེ་ལ་བཀོད་པའི་དགོངས་པ་ཉམས་ལེན་བྱ་རྒྱུ་ནི། ཉི་མ་རེ་རེའི་ཐོག་མའི་བསམ་འདུན་ཏེ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་བྱ་སྙམ་པའི་སྨོན་འདུན་དང་དམ་བཅའ་ཡིན། དེའི་ཕྱིར་སྤྱི་ཚོགས་ཞབས་ཞུ་ལས་རིགས་ཁྲོད་ཞུགས་ནས་སྤྱི་ཚོགས་འཆམ་མཐུན་དང་སྤྱི་ཚོགས་ཡར་རྒྱས་གང་ལ་གང་འཚམ་གྱི་ལེགས་སྐྱེས་འབུལ་བར་བརྩོན་ལེན་བྱེད་དགོས། ད་ལྟའི་བོད་བརྒྱུད་ནང་བསྟན་གྱི་གནས་སྟངས་སྤྱིའི་ཆ་ནས་བཟང་མོད། ཡིན་ནའང་གནད་དོན་ལ་ལ་ནི་བོད་བརྒྱུད་ནང་བསྟན་གྱི་འགྲོ་ཕྱོགས་དང་མི་མཐུན་པར་མ་ཟད། དམ་པའི་ཆོས་ཀྱི་དགོངས་དོན་དང་ཆོས་ཁྲིམས་ལའང་འགལ་ཡོད་དེ། དཔེར་ན་བླ་སྤྲུལ་དང་གྲྭ་བཙུན་ཁ་ཤས་ཀྱིས་ཆོས་ཁྲིམས་ཀྱི་བྱ་སྤྱོད་ལས་བརྒལ་ཏེ་རང་སྒེར་གྱི་ཚོང་ལས་སྣ་ཚོགས་དང་སྒེར་དོན་གཉེར་བ་དང་། ལྷག་པར་དུ་ཉེ་བའི་ལོ་འགའ་རིང་ལ་སྤྲུལ་སྐུ་རྫུན་མ་མང་པོ་བྱུང་ནས་བོད་ཀྱི་དད་ལྡན་མང་ཚོགས་དང་ནང་ལོགས་ཀྱི་དད་ལྡན་པ་རྣམས་ཀྱི་རྒྱུ་ནོར་དང་དད་སེམས་བསླུས་ནས་རྒྱལ་ཁྲིམས་དང་ཆོས་ཁྲིམས་མི་བརྩི་བ་སོགས་ཀྱིས་བོད་བརྒྱུད་ནང་བསྟན་སྤྱི་ལ་སྣང་ཚུལ་མི་ལེགས་པ་བཟོ་བཞིན་ཡོད། དེ་ན་བླ་སྤྲུལ་དང་དགེ་བའི་བཤེས་གཉེན་རྣམས་ཀྱིས་སྣེ་ཁྲིད་དེ། ཐེག་པ་ཆེན་པོའི་ཉམས་ལེན་གྱི་གཙོ་བོ་འགྲོ་དྲུག་ཕ་མར་བསམ་པའི་རྒྱུ་འབྲས་མན་ངག་བདུན་དང་། བདག་གཞན་མཉམ་བརྗེ་ཡི་བློ་སྦྱོང་གི་ཐོག་མའི་བསམ་འདུན་མ་བརྗེད་པར་ཕ་མ་སེམས་ཅན་ལ་ཞབས་འདེགས་དང་ལེགས་སྐྱེས་འབུལ་བའི་འདུ་ཤེས་བསྐྱེད་དེ། གང་ནུས་ཅི་ལྕོགས་ཀྱིས་ལག་ལེན་དུ་བསྟར་ན་རྒྱལ་ཁབ་ཀྱི་སྲིད་ཇུས་དང་མཐུན་པ། རང་ཉིད་ཆོས་ལུགས་པ་མིང་དོན་མཚུངས་པ་སངས་རྒྱས་ཀྱི་བསྟན་པ་ལ་ཞབས་འདེགས་ཞུ་བ། འཕྲལ་ཕུགས་ཀུན་ཏུ་བདེ་ནས་བདེ་བར་འགྲོ་བ། ལམ་བདེ་བས་འབྲས་བུ་བདེ་བ་ཐོབ་པ། སྐྱེས་ཆེན་དམ་པ་གོང་མའི་རྣམ་ཐར་ཟིན་པ་སོགས་དགེ་མཚན་རླབས་ཆེ་བ་ཡོད། ང་ཚོ་ཆོས་ལུགས་པ་ལ་ཆོས་དད་མང་ཚོགས་ཀྱི་གུས་པ་ཐོབ་པར་མ་ཟད། དད་པ་མེད་པའི་མི་སྣ་མང་བོས་ཀྱང་གུས་བཀུར་བྱེད་པ་ནི། ང་ཚོའི་ད་ལྟའི་འཇོན་ཐང་མ་ཡིན་པར་འདས་པའི་སྟོན་པ་ཐུགས་རྗེ་ཅན་སོགས་དམ་པ་གོང་མའི་གཟི་བྱིན་ལས་འོང་བ་རེད། དེར་བརྟེན་བསྟན་པ་དང་སེམས་ཅན་གྱི་དོན་སྒྲུབ་རྒྱུ་ནི་ང་ཚོའི་འོས་འགན་ཡིན་པས། བསྟན་དར་འགྲོ་ཕན་ལ་ལེགས་སྐྱེས་འབུལ་དགོས། འདུ་ཤེས་འདི་ཚོ་བོད་བརྒྱུད་ནང་བསྟན་པ་རང་ཉིད་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་པ་ཡིན་ལ། དུས་རབས་གསར་པའི་ནང་དུ་ང་ཚོ་ཆོས་ལུགས་མི་སྣས་བསམ་བློ་རྙིང་བ་བཅོས་བསྒྱུར་དང་མི་དམངས་དང་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་པ། མི་དམངས་ཀྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་ཐབས་ལ་འབད་དེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་དུ་ཕྱོགས་ཡོངས་ནས་མི་དམངས་ཀྱི་འབྱོར་འབྲིང་འཚོ་བ་ཡོང་ཐབས་སོགས་ལ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ནུས་པ་འདོན་ཐུབ་པར་བྱས་ཏེ། ནང་པ་སངས་རྒྱས་པའི་རྗེས་འཇུག་མིང་དོན་མཚུངས་པ་ཞིག་ཡོང་བར་འབད་བརྩོན་བྱ་དགོས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1