སྔོན་གྱི་ཡིག་ཚང་གཞིར་བཟུང་ནས་སྟག་རི་གཉན་གཟིགས་ཞེས་པའི་མཚན་གྱི་འགྱུར་རིམ་དང་དེའི་གོ་དོན་གླེ ང་པ།

མགོན་པོ་འཚོ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-30


དང་པོ། སྔོན་གྱི་ཡིག་ཚང་ལས་སྟག་རི་གཉན་གཟིགས་ཞེས་པའི་མཚན་གྱི་ཡི་གེའི་སྐོར།

དེ་ཡང་སྔོན་བྱོན་མཁས་པས་མཛད་པའི་ཆོས་འབྱུང་དང་ལོ་རྒྱུས་དེབ་ཐེར་ཁག་ཏུ་བཙན་པོ་སྟག་རི་གཉན་གཟིགས་ཀྱི་མཚན་གྱི་རྣམ་གྲངས་སྣ་མང་བཀོད་ཡོད་དེ། ཏུན་ཧོང་ཤོག་དྲིལ་དུ་སྟག་བུ་སྙ་གཟགས་ཞེས་བཀོད་ཡོད་ལ་ཏུན་ཧོང་ཤོག་དྲིལ་ནི་ད་སྔ་ལག་སོན་བྱུང་བའི་ཡིག་ཚང་ལས་ཆེས་སྔ་ཤོས་ཀྱི་དཔྱད་གཞིའི་རྒྱུ་ཆ་གལ་ཆེན་ཞིག་ཡིན་པ་མ་ཟད་དེར་བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་ལོ་རྒྱུས་དང་ཆབ་སྲིད། ཆོས་ལུགས། རྩོམ་རིག་ལ་སོགས་པའི་ནང་དོན་གང་མང་བཀོད་ཡོད་ལ་ཞིབ་འཇུག་གི་རིན་ཐང་ཡང་གལ་ཆེན་པོ་ལྡན་པས་ན། འདིར་སྟག་བུ་སྙ་གཟགས་ཞེས་བྱུང་བ་ནི་རྒྱལ་བུ་ཁོང་གི་མཚན་གྱི་ཕྱི་མོ་ཡིན་པར་བསམ། བོད་ཀྱི་ཆོས་འབྱུང་དང་ལོ་རྒྱུས་དེབ་ཐེར་སོ་སོ་བརྩམས་དུས་ཀྱི་ལོ་ཚིགས་སྔ་གཞུག་ལྟར་གུང་བསྒྲིགས་པ་ལས་ཅུང་སྔ་བ་བཀའ་ཆེམས་ཀ་ཁོལ་མར་སྟག་གུ་གཉན་གཟིགས་ཞེས་བྱུང་ཞིང་། དེ་ནས་བཀའ་ཐང་སྡེ་ལྔ་རུ་སྟག་རི་གཉན་གཟིགས་ཞེས་ད་ལྟའི་བྲིས་རྒྱུན་འདི་བྱུང་འདུག །

གཉིས་པ། སྔོན་གྱི་ཡིག་ཚང་ལས་སྟག་རི་གཉན་གཟིགས་ཞེས་པའི་མཚན་གྱི་གོ་དོན་སྐོར།

གཅིག །སྟག་རི་གཉན་གཟིགས་བྱ་བའི་མཚན་གྱི་ཐོགས་རྐྱེན།

གདུང་རབས་སོ་གཅིག་པ་དམུས་ལོང་དཀོན་པ་བཀྲའི་མཚན་དོན་ཐད་དུ་ལོ་རྒྱུས་དེབ་ཐེར་ཕལ་མོ་ཆེའི་བཞེད་པ་ནི། གཏེར་ཡིག་ལས“དེ་ནས་ཡང་ལྷ་ཐོ་ཐོ་རི་གཉན་ཤེལ་དེའི་སྲས་ཁྲི་གཉན་བཟུང་བཙན། དེའི་སྲས་སྟག་གུ་གཉན་གཟིགས། སྟག་གུ་གཉན་གཟིགས་དེ་མའི་རུམ་ནས་དམུས་ལོང་དུ་བྱུང་བས་སྤྱན་མེད་པ་ལས། ཡབ་མེས་ཀྱི་གཉན་པོ་གསང་བ་དང་ཤེལ་གྱི་མཆོད་རྟེན་ལ་གསོལ་བ་བཏབ་པས། དེའི་བྱིན་རླབས་ཀྱིས་སྤྱན་ལོང་བ་དེ་ཡང་ཁྱད་པར་དུ་གསལ་བར་བྱུང་སྐད་ཅེས་བྱུང་།” མཁས་པ་ལྡེའུས“འབྲོ་སྙན་ལྡེ་རུར་སྙུན་གྱིས་ཟིན་ཏེ་གསོན་དུར་བྱས་པའི་ཤུལ་དུ་སྲས་དམུས་ལོང་དེ་འ་ཞའི་སྨན་པས་ཕྱིང་ང་སྟག་རྩེར་མིག་ཕྱེ་བས། དོན་མཁར་གྱི་རྩེ་ལ་གཉན་འགྲོ་བ་མཐོང་བས་སྟག་གུ་གཉན་གཟིགས་སུ་བཏགས་སོ། །དེ་ནས་ཤཱཀྱ་རིན་ཆེན་སྡེས“སྲས་གཅིག་བལྟམས་པ་དམུས་ལོང་དུ་བྱུང་། མིང་ཡང་དམུས་ལོང་དཀོན་པ་བཀྲ་ཤིས་ཞེས་པར་བཏགས། ཡབ་ཡུམ་གཉིས་གསོན་དུར་དུ་བཞུད་དེ་སྲས་ལ་ཞལ་ཆེམས་བཞག་པ་ནི། བསམ་པ་བཟང་བོ་གསེར་དང་འདྲ་བ་སྟེ། །བཟང་པོའི་གྲོས་ནི་བདུད་རྩི་ཡིན་ཞེས་ཉོ། །ངན་པ་རྣམས་ཀྱང་མེ་དང་འདྲ་བས་གསོས། །མི་ཆོས་རྟོག་པ་ཡིན་གྱི་རྣམ་རྟོག་སྐྱུངས། དེ་ནས་དམུས་ལོང་དཀོན་པ་བཀྲ་ཤིས་ཀྱིས་གཉན་པོ་གསང་བ་ལ་གསེར་སྐྱེམས་དང་གཡུ་སྔོན་གྱིས་མཆོད། འ་ཞའི་སྨན་པ་བོས་ནས་ཕོ་བྲང་གི་རྩེར་མིག་ཕྱེ་བས། སྐྱིད་ཤོད་སྟག་མོ་རི་ལ་གཉན་རྩྭ་ཟ་བ་མཐོང་། མཚན་ཡང་སྟག་རི་གཉན་གཟིགས་སུ་གསོལ།” ཞེས་འདི་ནས་དཀོན་པ་བཀྲ་ཤིས་ཀྱི་མིང་དང་ས་གནས་སྐྱིད་ཤོད། ཡབ་ཀྱི་བཀའ་ཆེམས་སོགས་ཀྱི་གཏམ་དག་ཐོག་མར་བྱུང་། དཔའ་བོ་གཙུག་ལག་ཕྲེང་བས“ལྷ་སྲས་དམུས་ལོང་དཀོན་པ་བཀྲ་དེ་ཡིས། །གཉན་པོ་གསང་བ་མཆོད་པའི་བྱིན་རླབས་དང་། །འ་ཞའི་ཡུལ་གྱི་སྨན་པས་མྱིག་ཕྱེ་སྟེ། །སྟག་མོའི་རི་ལ་རི་དྭགས་གཉན་གཟིགས་པས། །མཚན་ཡང་སྟག་རི་གཉན་གཟིགས་བཙན་དུ་ཐོགས” ཞེས་གཉན་པོ་གསང་བ་དང་འ་ཞ་གཉིས་ལ་བརྟེན་ཏེ་མིག་ཕྱེས་ཤིང་སྟག་མོའི་རི་ནས་གཉན་གཟིགས་པས་སྟག་རི་གཉན་གཟིགས་སུ་ཐོགས་པ་ནི་སྔ་མ་ཕྱི་མ་དང་ཕྱི་མ་ཕྱི་མའི་དཔེར་བླངས་པས་གཏམ་རྒྱུད་ལ་གོམ་གང་མདུན་སྤོས་ཀྱི་ཁ་སྣོན་བྱས་པ་གསལ། ལྔ་བ་ཆེན་མོས“འགྲོ་གཉན་ལྡེའུ་དང་བཙུན་མོ་མཆིམས་བཟའ་ཀླུ་རྒྱལ་ངན་བུ་མཚོ་གཉིས་སུ་དམུས་ལོང་པ་ཞིག་བྱུང་བས་མིང་དམུས་ལོང་དཀོན་པ་བཀྲ་ཞེས་བཏགས་པ་ལ་ཞལ་ཆེམས་སུ། བསམ་པ་བཟང་བོ་གསེར་དང་འདྲ་བ་སྟེ། །བཟང་པོའི་གྲོས་ནི་བདུད་རྩི་ཡིན་ཞེས་ཉོ། །ངན་པ་རྣམས་ཀྱང་མེ་དང་འདྲ་བས་གསོས། །མི་ཆོས་རྟོག་པ་ཡིན་གྱི་རྣམ་རྟོག་སྐྱུངས། །དེ་ནས་སྲས་ཀྱིས་ཡབ་ཀྱི་གསུང་བཞིན་བྱས་པས་མིག་ཕྱེ་སྟེ། སྐྱིད་ཤོད་སྟག་མོ་རི་ལ་གཉན་འདུག་པ་གཟིགས་པས་སྟག་རི་གཉན་གཟིགས་སུ་གྲགས། བང་སོ་དོན་མཁར་མདའ་རུ་བརྩིགས་སོ། །”ཞེས་མེས་པོའི་གདམས་ངག་ལྟར་བསྲུངས་བས་མིག་ཕྱེས་ཤིང་སྐྱིད་ཤོད་སྟག་མོའི་རི་ནས་གཉན་གཟིགས་པས་མཚན་ཡང་དེ་ལྟར་ཐོགས་པར་སྨྲས། གཞན་ཚལ་བ་དང་སྟག་ཚང་བས་ཀྱང་སྟག་མོའི་རི་ལ་གཉན་འགྲོ་བ་གཟིགས་པས་སྟག་རི་གཉན་གཟིགས་སུ་གསོལ་བ་དང་། ས་སྐྱ་བསོད་ནམས་རྒྱལ་མཚན་གྱིས“འབྲོང་སྙན་ལྡེ་རུའི་བང་སོ་ཞང་མདར་བརྩིགས། །བང་སོའི་མིང་ཡང་གསོན་ཆས་ཟླུམ་པོར་གྲགས། །ཞེས་སོ། དེ་ནས་དམུས་ལོང་དཀོན་པ་བཀྲས། གཉེན་པོ་གསང་བ་ལ་མཆོད་པ་ཕུལ་ཞིང་མོས་གུས་བྱས་པས། སྨན་པ་བོས་ནས་མིག་ཕྱེ་བས། སྐྱིད་ཤོད་སྟག་གི་རི་ལ་གཉན་འགྲོ་བ་གཟིགས་པས་མཚན་སྟག་རི་གཉན་གཟིགས་ཞེས་གྲགས་པར་གསུངས།” དེ་མིན་གུ་གེ་གྲགས་པས“འགྲོ་གཉན་ལྟེ་རུ། དེས་མཆིམས་ཟ་ཀླུ་རྒྱལ་མང་མཚོ་བ་ཞེས་པའི་སྲས་དམུས་ལོང་གཅིག་བཙས་ཏེ། ལོ་བདུན་ལོན་པ་དང་། ཡབ་བཞི་བཅུ་རྩ་བཞི་པ་ལ་དགུང་དུ་གཤེགས་སོ། དེར་བློན་པོ་རྣམས་ཀྱིས་སྲས་དམུས་ལོང་དེ་ཉིད་རྒྱལ་སར་སྟོན་ཅིང་གཏད་དེ། རྒྱལ་པོ་མེས་ཀྱི་མཆོད་གནས་གཉན་པོ་གསང་བ་ལ་གསོལ་བ་བཏབ་ཅིང་མཆོད་ལ། གཞན་གྱིས་ཁྲིད་ནས་བསྐོར་བ་བྱས་པའི་བྱིན་རླབས་ཀྱིས། རི་སྟག་རི་བྱ་བ་ལ་རྐན་གཅིག་འགྲོ་བ་དང་། རྩྭ་ཟ་བ་གཟིགས་པས་མཚན་ཡང་སྟག་རི་སྙན་གཟིགས་སུ་བཏགས་སོ། །ཞེས་བྱུང་ཞིང་། དུང་དཀར་རིན་པོ་ཆེ་མཆོག་གིས“སྟག་རི་གཉན་གཟིགས་ནི། ཡབ་འབྲོང་གཉན་ལྡེ་རུ་དང་ཡུམ་མཆིམས་བཟའ་ཀླུ་རྒྱལ་གྱི་སྲས། འདི་ཉིད་ཐོག་མར་བཙའ་སྐབས་དམུས་ལོང་ཞིག་ཡིན་པས་མཚན་ཡང་དམུས་ལོང་དཀོན་པ་བཀྲ་ཞེས་གསོལ། ཡབ་ཀྱི་ཞལ་ཆེམས་བཞིན་འདི་ཉིད་ཀྱིས་འ་ཞའི་ཡུལ་ནས་སྨན་པ་གདན་དྲངས་ཏེ་སྤྱན་ཕྱེ་སྐབས་སྐྱིད་ཤོད་སྟག་མོ་རི་ལ་རི་དྭགས་གཉན་འདུག་པ་གཟིགས་པས་མཚན་ཡང་སྟག་རི་གཉན་གཟིགས་སུ་ཐོགས།” ཞེས་མདོར་ན་དེབ་འདི་དག་གི་ནང་དོན་ནི་མིག་སྔར་ཀུན་གྱི་མཐོང་ཆོས་སུ་གྱུར་པའི་མཚན་དོན་གཏམ་རྒྱུད་ཆ་ཚང་བའི་ལྷུ་ལག་སོ་སོ་བ་ལྟ་བུར་གྲུབ་ཡོད་ཅིང་རྗེས་ཀྱི་བནྡེའི་བཞེད་ཕྱོགས་ཡོད་དོ་ཅོག་ཀྱང་འདི་ལས་མ་མཆིས།

གཉིས། མཚན་དོན་གཏམ་རྒྱུད་ཁྲོད་ཀྱི་དོགས་གཞི།

1.མཚན་དོན་ལས་གཉན་མཐོང་སའི་ཡུལ་ལུང་མི་འདྲ་བ།

དོན་མཁར་རྩེ་ནས་གཉན་མཐོང་བ་ལ་མཁས་པ་ལྡེའུས་གཉན་པོ་གསང་བ་དང་མཆོད་རྟེན་གང་ཡང་མ་གླེང་བར་འ་ཞའི་སྨན་པ་བོས་པས་མིག་ཕྱེས་པ་མ་ཟད། དོན་མཁར་རྩེར་གཉན་མཐོང་བས་མིང་གི་ནང་དུ་རི་དྭགས་གཉན་གྱིས་མཚན་དོན་ཐོག་མར་དེ་ནས་བྱུང་། དེ་ནས་སྟག་མོ་རི་ནས་གཉན་རྩྭ་ཟ་བའམ་འགྲོ་བ་མཐོང་བ་ལ་གུ་གེ་གྲགས་པ་རྒྱལ་མཚན་སོགས་མཁས་པ་ཕལ་མོ་ཆེས་གསུངས་ཡོད། གཞན་པ་བོན་གྱིས་ཕ་གིར་གཉན་འགྲོ་བ་མཐོང་བ་ཞེས་ས་ཕྱོགས་ག་གེ་མོ་སྟོན་པའང་བྱུང་། སྟག་བུ་སྙ་གཟགས་ནི་སྨད་རེ་ཞིག་གཅིག་གྱུར་མ་བྱུང་བའི་དུས་སུ་རྒྱལ་ཕྲན་གསུམ་གྱི་ཡ་གྱལ་མཁར་ཕྱིང་བ་སྟག་རྩེ་ན་བཞུགས་ཤིང་། དོན་མཁར་ཡང་ཡར་ལུང་འཕྱོངས་རྒྱས་སུ་ཡོད་མོད་དོན་མཁར་ལས་གཉན་མཐོང་ཞེས་པ་སྔོན་དུས་མི་གཅིག་ལས་གླེང་མཁན་མ་བྱུང་། དེ་ནས་སྟག་མོ་རི་ནས་གཉན་མཐོང་ཚུལ་ཕྱིས་ཀྱི་ཡིག་ཚང་ཕལ་མོ་ཆེར་བྱུང་ཡང་སྟག་མོ་རི་འདི་ཡང་སྙིང་ས་ཕྱོགས་གང་ཞིག་ཡིན་པ་ད་བར་དུ་གསལ་བོ་མེད། དུང་དཀར་ཚིག་མཛོད་དུ“བོད་ཀྱི་ལོ་རྒྱུས་ཐོག་བཤད་སྲོལ་ལ། ལྷ་ས་གྲོང་ཁྱེར་ནང་དམར་པོ་རི་སྤྱན་རས་གཟིགས་ཀྱི་བླ་རི་གླང་པོ་ཆེ་བྲེས་ལ་ཉལ་བ་ལྟ་བུ་དེའི་སྟེང་དུ་རྒྱལ་པོའི་ཕོ་བྲང་བཞེངས་ན་ལེགས་པ་བཞིན་ད་ལྟའི་པོ་ཏ་ལ་ཕོ་བྲང་ཆགས་པའི་རི་འདི་ཡིན་པ་དང་། ཕྱག་ན་རྡོ་རྗེའི་བླ་རི་སེང་གེ་གནམ་དུ་མཆོང་བ་འདྲ་བ་ཞེས་པ་ནི་ཡོངས་གྲགས་སུ་ལྕགས་པོ་རིར་འབོད་པ་འདི་ཡིན་ཅིང་། འཇམ་དཔལ་དབྱངས་ཀྱི་བླ་རི་སྟག་མོ་བྱེ་ཁུང་དུ་འཛུལ་བ་ལྟ་བུ་ནི་ཡོངས་གྲགས་སུ་བར་མ་རི་སྟེ་མིང་ངོ་མར་བོང་བ་རི་ཞེས་འབོད་པ་འདི་དང་ཡང་ན་ལྷ་སའི་ལྕགས་པོ་རིའི་ནུབ་ངོས་སུ་ཡོད་པའི་རི་ཆུང་སྟག་མོ་ཚང་ལ་འཛུལ་བ་འདྲ”ཞེས་དང་། ད་དུང་སྨོན་ལམ་ཚིག་མཛོད་དུ“སྟག་མོ་རི་ནི་ནགས་ཤོད་འབྲི་རུའི་ཉིན་རྒྱུད་སྙག་མདའི་མདུན་རི”ཞེས་པར་གཞིགས་ན་སྟག་མོ་རི་འདི་ཕོ་བྲང་ཡུམ་བུའི་རྩེར་ནས་མིག་བྱུང་ན་རི་དྭགས་གཉན་མཐོང་ཐུབ་པའི་ས་ཕྱོགས་ཤིག་མ་ཡིན་སྙམ། གཞན་བོན་གྱི་ཡིག་ཚང་ལས་ཕ་གིར་ཞེས་པ་དེ་ལའང་དམིགས་འཛུགས་ཀྱི་ས་ཕྱོགས་མེད་པ་དེའོ། །

2.མཚན་དོན་ལས་མིག་ཕྱེ་རྐྱེན་མི་འདྲ་བ།

སྟག་རི་གཉན་གཟིགས་ཀྱི་མིག་ཕྱེས་པའི་ཐད་ལ་རྐྱེན་མི་འདྲ་བ་ལ་དང་པོ་གཉན་པོ་གསང་བ་ལ་མཆོད་ཅིང་བསྟོད་པས་ཕྱེས་པ་དང་གཉིས་པ་འ་ཞའི་ཡུལ་ནས་སྨན་པ་གདན་དྲངས་པས་ཕྱེས་པ། གསུམ་པ་གཉན་པོ་གསང་བ་ལ་མཆོད་འབུལ་བསྐོར་བ་དང་འ་ཞའི་སྨན་པ་བོས་ནས་ཕྱེས་པ་སོགས་ནི་བནྡེ་བའི་ལྟ་བར་འདོད་ཅིང་བཞི་རུ་བོན་གྱིས་གཤེན་དང་ཁུ་བོན་གྱིས་བསྒྲུབས་ཏེ་ཕྱེས་ཚུལ་སོགས་འདུག ཐོག་མ་རྣམས་ནི་གཙོ་བོ་བནྡེའི་བཤད་ལུགས་ཡིན་ལ། ཆེས་ཐོག་མར་བཀའ་ཆེམས་ལས་གཉན་པོ་གསང་བའི་གཏམ་བྱུང་ཡང་དེབ་འདིའི་བྱུང་དུས་དང་རྩོམ་པ་པོའི་ཐད་ལ་ཐེ་ཚོམ་གྱི་སྐད་ཆ་ལབ་མཁན་མང་བས་རེ་ཞིག་བཏང་སྙོམས་སུ་འཇོག་པར་བྱ། དེའི་འཕྲོ་ནས་བསྟན་པ་ཕྱི་དར་རྗེས་ལྡེའུ་ཆོས་འབྱུང་ནང་ཐོག་མར་བྱུང་ཞིང་རིམ་བཞིན་ཡིག་ཚང་མང་པོར་བྱུང་ཡོད། མིག་གི་ཕྱེ་རྐྱེན་འདི་འདྲ་རྣམ་པ་ཐ་དད་པ་བྱུང་བ་ལ་འོ་སྐོལ་ཡོངས་ནས་གཏམ་རྒྱུད་ལ་ཆོས་ལུགས་གྲུབ་མཐའི་ཕྱོགས་ཞེན་ཐེབས་ཡོད་མེད་དང་མཚན་དོན་གཏམ་རྒྱུད་འདི་ཡང་སྙིང་ཚུགས་ཐུབ་མིན་ལ་བསམ་གཞིག་བྱ་དགོས་པ་ཞིག་རེད།

3.མཚན་དོན་ལས་གཏམ་རྒྱུད་ཀྱི་བྱུང་རིམ་མི་འདྲ་བ།

འདིར་གོང་འོག་གཅིག་སྒྲིལ་ངང་སྟག་བུ་སྙ་གཟགས་ཕྱི་མོར་བཟུང་སྟེ་དུས་ཕྱིས་ཀྱི་འགྱུར་རྐྱེན་བཙལ་ན་སྤྱིར་སྐབས་དེའི་ལོ་རྒྱུས་རྒྱབ་ལྗོངས་ལ་གཞི་བཅོལ་ནས་རེ་དོགས་ཨེན་ཙམ་བྱས་ན་གོ་རྒྱུ་ཅུང་ཙམ་ཞིག་ཡོད་པར་མཐོང་། དེ་ཡང་《དབའ་བཞེད》ལས་སངས་རྒྱས་ཀྱི་ཆོས་བོད་ཁམས་སུ་ཇི་ལྟར་བྱུང་བའི་ནང་དུ“ལྷ་ཐོ་དོ་རེ་སྙན་བཙན་གྱི་སྐུ་རིང་ལ་དབུ་བརྙེས་ཞིང་གཉན་པོ་གསང་བ་གཡུ་མངོན་དང་གསེར་སྐྱེམས་ཀྱིས་མཆོད་པ་བྱས་པས་རྒྱལ་པོ་དགུང་ལོ་བརྒྱད་བཅུ་པ་སྐུ་འགྲེ་པོ་བ་གཅིག་དགུང་ལོ་བཅུ་དྲུག་པ་ལྟ་བུར་གྱུར་ཏེ་ཞལ་ཆེམས་སུའང་ངའི་དབོན་སྲས་ཆབ་སྲིད་ཆེ་ན་ཡང་འདི་ཞལ་ཕྱེ། ཆབ་སྲིད་ཆུང་ནའང་འདི་ཞལ་ཕྱེ་ཤིག་ཅེས་བཀའ་བསྩལ་ལོ་ཞེས་རྒྱལ་པོ་ཁོང་གི་སྐབས་སུ་ཐོག་མར་དམ་པའི་ཆོས་ཀྱི་རྟགས་བྱུང་བར་འདོད་པ་ནི་ཆོས་འབྱུང་མང་ཤོས་ཀྱི་ལྟ་བ་དང་མཐུན། དེ་རྗེས་རྒྱལ་ཁྲིམས་ཆོས་ཁྲིམས་མེད་པའི་རྒྱལ་པོ(ཁྲི་གཉན་གཟུང་བཙན། འབྲོ་སྙན་ལྡེ་རུ)བྱུང་བ་ན“སྙུན་གྱིས་ཟིན་དང་དམུས་ལོང་དག་ཀྱང་བྱུང་།”ཞེས་སྟོད་ཀྱི་སྟེང་འདི་གཉིས་ཀྱི་སྐབས་སུ་ཁྲིམས་ལེགས་པོ་མ་བྱུང་བ་གཞི་བྱས་ནས་ལྟས་ངན་པའི་ལས་མང་དུ་བྱུང་བ་སྟེ། དེ་ཡང་ཁྲི་བདུན་གྱི་རིང་དང་གྲི་གུམ་གྱི་ཚེ་སྟོད་ཡན་ཆད་ལ་བོན་གྱི་བསྟན་པ་ཤིན་ཏུ་དར་ཞིང་། གཡུང་དྲུང་གི་བོན་ནི་ཟབ་ཅིང་རྒྱ་ཆེ། འདྲེན་པའི་དཔོན་སྲས་ནི་ཐུགས་རྗེ་ཆེ་ལ་བྱིན་རླབས་ཆེ། རྒྱལ་པོ་རྣམས་ནི་དབང་ཆེ་ལ་བཀའ་བཙན་པས། མངའ་རིས་ནི་རྒྱལ་པོའི་མངའ་རིས། རྒྱལ་ཁམས་ནི་བོན་གྱི་རྒྱལ་ཁམས།་་་་་་་་གྲི་གུམ་བཙན་པོའི་ཚེ་སྨད་ལ་བོན་ཐེངས་གཅིག་ནུབ་སྟེ།”ཡང་ར་སངས་ཁོད་རམ་གྱིས“གཡུང་དྲུང་བོན་ལ་སྤྱོད་ན་འདི་ཕྱི་གཉི་ཀ་བདེ། རྒྱལ་པོ་འདིའི་ཚེ་སྟོད་ལ་གཡུང་དྲུང་བོན་ཁོ་ན་སྤྱོད། ཚེ་སྨད་ལ་བོན་བསྣུབས་མ་ཐག་ཏུ། བཀྲ་མི་ཤིས་པའི་རྟགས་ཀྱང་མང་དུ་བྱུང་བས་བོན་གྱི་དབུ་ཡོར་དང་མཐུ་ཡིན་པར་ཤེས། དེ་ནས་རྒྱལ་པོ་ལ་ཐུགས་སུ་གདོན་ཞུགས་པས”ཞེས་པ་ལས་གྲི་གུམ་བཙན་པོའི་སྐབས་སུ་རྒྱལ་གཤེན་བར་གྱི་གནས་བབ་ནི་ཧ་ཅང་ཛ་དྲག་ཡིན་པ་མ་ཟད་གདོན་ཞུགས་ནས་བཀྲོངས་རྐྱེན་ཡང་བོན་ལ་ཐུག་ཡོད་པ་ཤེས་ཐུབ། དེའི་ཕྱིར་རྒྱལ་སྟག་བུ་སྙ་གཟགས་ཀྱི་སྤྱན་ཕྱེས་བར་བཤད་ཚུལ་མི་འདྲ་བ་གཉིས་ཆགས་པ་ཡང་ཆོས་ལུགས་གྲུབ་མཐའི་ཕྱོགས་ཞེན་ལས་བྱུང་བ་དང་། ལྷ་ཐོ་དོས་གཉན་པོ་གསང་བ་ལ་མཆོད་དེ་བྱིན་རླབས་རྒྱ་ཆེ་བ་བྱུང་བ་དང་གྲི་གུམ་བཙན་པོས་བོན་མཆོད་ནས་དར་ཞིང་བོན་བསྣུབས་ཏེ་གདོན་གསོལ་བ་ལྟར་ན། རྒྱལ་སྟག་བུ་སྙ་གཟགས་ཀྱིས་གཅིག་ནས་གཉན་པོ་གསང་བ་ལ་མཆོད་དགོས་ཤིང་གཉིས་ནས་བོན་ཡང་སྤེལ་དགོས་པའི་གནས་ལུགས་ཚགས་སུ་ཆུད་རྗེས། ང་ཚོས་གཞི་ནས་ཆོས་འབྱུང་ཁག་ཅིག་ཏུ་གཉན་པོ་གསང་བ་དང་འ་ཞ་གཉིས་ཐོན་པ་དང་བོན་གྱི་ཡིག་རྙིང་དུ་ཡང་གཤེན་དང་ཁུ་བོན་བྱུང་བའི་རྒྱུ་རྐྱེན་ཆོས་སྲིད་ཀྱི་གནས་བབ་ཅིག་ཡིན་པ་མ་ཟད། ཁོང་གི་ཡབ་ཀྱི་སྐབས་སུ་ཆོས་ཁྲིམས་མེད་པའི་རྟགས་སུ་བཀྲ་མི་ཤིས་པའི་ལས་སྙུན་གྱིས་ཟིན་པ་དང་དམུས་ལོང་དུ་སྐྱེས་པ་སོགས་ལས་རྒྱལ་སྟག་བུ་དམུས་ལོང་དུ་སྒྲུབ་པ་དང་། ལྷ་ཐོ་དོ་དང་གྲི་གུམ་གྱི་བན་བོན་དོན་རྐྱེན་ལས་གཉན་པོ་གསང་བ་དང་འ་ཞ་སྒྲུབ། བཙན་པོ་དམུས་ལོང་དུ་བྱུང་བ་ལས་མིག་གིས་གཟིགས་པ་རྒྱུ་རུ་བཏགས་ཏེ་ཡབ་མེས་ཀྱི་ལོ་རྒྱུས་བསླབ་བྱ་ལས་ཆོས་དང་བོན་གཉིས་དར་སྤེལ་གནང་དགོས་པའི་ཡར་སྐུལ་གྱི་ལམ་བུ་སྟོན་ཕྱིར་ཙམ་ལས་དེ་ནི་ལོ་རྒྱུས་དངོས་ཞིག་ཡེ་ནས་མིན་སྙམ་མོ། ། 

◆ རྩོམ་པ་པོ། མགོན་པོ་འཚོ། བོད་ལྗོངས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1