བོད་བརྒྱུད་ནང་བསྟན་གྱི་གོང་མ་ཚང་གི་དགོན་སྡེ། དགའ་ལྡན་བྱིན་ཆགས་གླིང།

རྣམ་དཀར་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-30


དེ་ཡང་དགའ་ལྡན་བྱིན་ཆགས་གླིང་ནི་པེ་ཅིང་ས་གནས་ཀྱི་མིང་དུ་གྲགས་པའི་བོད་བརྒྱུད་ནང་བསྟན་གྱི་གོང་མ་ཚང་གི་དགོན་སྡེ་ཡིན་ཏེ། གནའ་ནས་བཟུང་གཞི་རྒྱ་ཆེ་ཞིང་ཆོས་སྦྱོང་གི་སྒྲིག་ཆས་ཆ་ཚང་བ། གནས་བཞུགས་ཀྱི་བླ་ཆེན་མང་བ། དེ་མིན་གསེར་བུམ་བཙུགས་པ་དང་གསེར་བུམ་དཀྲུག་འདོན་གྱི་ལམ་ལུགས་ལག་བསྟར་མཛད་པར་མ་ཟད། སོག་བོད་ཀྱི་གོང་རིམ་མི་སྣ་དང་འབྲེལ་འདྲེས་ཟབ་མོའི་དམིགས་བསལ་གྱི་ལོ་རྒྱུས་དོན་སྙིང་ལྡན་པ་ཀུན་གྱིས་ཤེས་གསལ་ལྟར་རེད། ད་ལྟའང་དགོན་པ་དེ་ཉིད་བོད་བརྒྱུད་ནང་བསྟན་གྱི་གདན་ས་ཆེན་མོའམ་བོད་བརྒྱུད་ནང་བསྟན་གྱི་སྒྱུ་རྩལ་བཤམས་སྟོན་ཁང་ཐུན་མིན་ཅན་ཞིག་རེད། སྤྱིར་ལོ་རྒྱུས་སྟེང་གི་དགའ་ལྡན་བྱིན་ཆགས་གླིང་ནི་ཆིང་རྒྱལ་རབས་ཀྱི་གོང་མ་ཡུང་ཀྲེང་ཁྲིར་མངའ་མ་གསོལ་སྔོན་གྱི་གཟིམ་ཤག་ཡིན་ཞིང་། གོང་མ་ཆན་ལུང་འཁྲུངས་ཡུལ་ཀྱང་ཡིན་ཏེ། ཁང་ཞི་ཁྲི་ལོ་སོ་གསུམ་པ་སྟེ་སྤྱི་ལོ་1694ལོར་ཐོག་མར་ཕྱག་བཏབ་པ་དང་། ཡུང་ཀྲེང་ཁྲི་ལོ་གསུམ་པ་སྟེ་སྤྱི་ལོ་1725ལོར་གཟིམ་ཤག་ཏུ་བསྒྱུར། ཡང་ཆན་ལུང་ཁྲི་ལོ་དགུ་པ་སྟེ་སྤྱི་ལོ་1744ལོར་དགེ་ལུགས་པའི་དགོན་པར་བསྒྱུར་ཡོད་དེ། ད་ལྟའི་བར་ལོ་ངོ་278ཕྱིན་ཡོད་པ་རེད།


དགོན་པ་འདི་ཉིད་བརྗིད་ཆགས་ཤིང་བཟོ་བཀོད་ལེགས་པའི་ལྷ་ཁང་ཆེན་པོ་གཙོ་བོ་བདུན་ལས་གྲུབ་ཡོད་དེ། ཡངས་ཤིང་རྒྱ་ཆེ་བའི་འཆམ་ར་དང་། དེ་ནས་ཆས་ཏེ་འོད་ལྡན་བདེ་བའི་སྒོ་བརྒྱུད་པ་ན་རྔ་ཁང་དང་ཅོང་ཁང་སོགས་ཡོད། དེ་ནས་རྡོ་རིང་བསིལ་ཁང་ཟུར་བརྒྱད་མ་གཉིས་དང་ནང་དུ་སྨི་6ཅན་གྱི་རྡོ་རིང་འབྲུག་རིས་མ་གཉིས་ཡོད་པ་དང་ངོས་སུ་མན་ཇུའི་ཡི་གེ་དང་རྒྱ་ཡིག །དེ་མིན་སོག་ཡིག་དང་བོད་ཡིག་བཅས་ཡིག་རིགས་བཞིའི་ཐོག་ནས་ཆིང་ཝང་གཟིམ་ཤག་སྟེ་དངུལ་གྱི་ཕོ་བྲང་ནང་པའི་དགོན་པར་བསྒྱུར་བའི་ལོ་རྒྱུས་གསལ་པོར་བཀོད་འདུག དེ་ནས་རྒྱལ་ཆེན་ལྷ་ཁང་དང་གཞོགས་ཁང་ཤར་མ། སྐྱབས་མགོན་རྟག་བཞུགས་གླིང་། ཆོས་འཁོར་རབ་རྒྱས་གླིང་། ཁྲིམས་ལྡན་དགེ་བ་གླིང་། ཇོ་ཁང་། པཎ་ཆེན་བཞུགས་ཁང་དང་སྡོམ་པ་འབོགས་ཁང་སོགས་ཀྱིས་གྲུབ་ཅིང་། ནང་དུ་བྱིན་རླབས་ཅན་གྱི་སྐུ་གསུང་ཐུགས་རྟེན་དང་ཐང་ག་སོགས་ཀྱི་རིག་དངོས་རྩ་ཆེན་དང་། དེ་མིན་ཆོས་ཆས་བགྲང་གིས་མི་ལང་བ་ཡོད་པར་མ་ཟད། དེ་འབྲེལ་གྱི་གཏམ་རྒྱུད་ཀྱང་མང་པོ་ཡོད།

དགོན་པ་དེ་ཉིད་གོང་མ་ཆན་ལུང་གི་བཀའ་ལྟར་ཡུང་ཝང་གི་གཟིམ་ཤག་ནས་དགོན་པར་བསྒྱུར་བའི་སྐོར་ནས། གོང་མ་ཁོང་གིས་སྐུ་དངོས་སུ་གསུང་བ་ལྟར་ན། ཡུང་ཝང་གི་གཟིམ་ཤག་འདི་ནས་གོང་མ་གཉིས་བྱུང་ཡོད་དེ། གནས་འདི་རླབས་པོ་ཆེ་ཞིག་ཡིན་སྟབས་རང་གར་བསྐྱུར་ན་མི་རུང་། ད་ནི་དེ་བས་ནུས་པ་ཆེན་པོ་འདོན་ན་བཟང་ཞེས་བཀའ་གནང་བས། གནས་དེ་ནང་བསྟན་དགོན་པར་བསྒྱུར་ཏེ་གོང་མ་ཚང་གི་དགོན་པ་བྱས་པ་དང་ལྩང་སྐྱ་ཧུ་ཐོག་ཐུ་སྐུ་ཕྲེང་གསུམ་པ་དགོན་བདག་ཏུ་བསྐོས་ཤིང་། འགྲོ་གྲོན་ཚང་མ་གོང་མ་ཚང་གི་བང་མཛོད་ནས་བཏང་བས་བསྟན་པ་རིམ་གྱིས་དར་ཏེ་བླ་གྲྭ་མང་བའི་དུས་སུ་མི་གྲངས་500ལྷག་ཏུ་སླེབས་མྱོང་ཡོད་པ་དང་། སྐབས་དེའི་བོད་ལྗོངས་ཀྱི་པེ་ཅིང་དུ་བཅའ་སྡོད་བྱས་པའི་གཞུང་དོན་ཁྲུའུ་ཡང་གནས་དེར་བཙུགས་ཡོད་པ་རེད།

དེ་བཞིན་དུ་གོང་མ་ཆན་ལུང་གིས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་དོ་དམ་བྱ་ཐབས་གཏན་འབེབས་བྱས་ཏེ་གསེར་བུམ་དཀྲུག་འདོན་ལམ་ལུགས་བཙུགས་པའི་ཚུལ་དེ་གོང་གི་སྐད་བཞི་ཤན་སྦྱར་གྱི་རྡོ་རིང་བསིལ་ཁང་གི་རྡོ་རིང་དུ་གསལ་པོར་བཀོད་ཡོད་དེ། ནང་དོན་གཙོ་བོར་སྤྲུལ་སྐུ་ངོས་འཛིན་བྱེད་སྲོལ་གསར་དུ་བཙུགས་པ་ཞིག་སྟེ། བོད་ལྗོངས་དང་སོག་པོ་སོགས་ནང་བསྟན་དགོན་སྡེ་ཆེ་ཁག་གི་སྤྲུལ་སྐུ་ངོས་འཛིན་བྱེད་སྟངས་ཀྱི་སྐྱོན་ཆ་སེལ་ཆེད། གོང་མ་ཆན་ལུང་གི་དགོངས་པ་ལས་ཐོག་མར་དེ་འབྲེལ་གྱིས་སྐྱོན་ཆ་ལུང་དྲངས་པ་དང་། དེ་ནས་གསེར་བུམ་དཀྲུག་འདོན་བྱས་ནས་སྤྲུལ་སྐུ་ངོས་འཛིན་བྱེད་ཐབས་ཀྱི་ཕན་ཡོན་གླེང་བ། མཐར་བོད་སོག་དགོན་སྡེ་ཆེ་ཁག་གིས་ཇི་སྲིད་བར་དུ་དེ་ལྟར་བྱེད་དགོས་པའི་བཀའ་ཚུལ་གསལ་འདུག །

དེ་ནས་ཆིང་རྒྱལ་རབས་ཀྲུང་དབྱང་སྲིད་གཞུང་གིས་ལྷ་སའི་གཙུག་ལག་ཁང་དང་པེ་ཅིང་དགའ་ལྡན་བྱིན་ཆགས་གླིང་དུ་གསེར་བུམ་རེ་བཞག་སྟེ་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཆེ་ཁག་གི་ཡང་སྲིད་ངོས་འཛིན་བྱེད་པར་སྤྱོད་བཞིན་ཡོད་པ་དང་། བོད་ཕུད་པའི་སོག་པོའི་རིགས་ཀྱི་ཚོ་པ་ཁག་དང་པེ་ཅིང་དུ་བཞུགས་སྡོད་བྱས་པའི་ཧུ་ཐོག་ཐུ་ཆེན་པོའི་ཡང་སྲིད་ཀྱང་པེ་ཅིང་དགའ་ལྡན་བྱིན་ཆགས་གླིང་དུ་གསེར་བུམ་དཀྲུག་འདོན་མཛད་ནས་ངོས་འཛིན་གནང་བ་རེད། སོག་པོའི་སན་དབྱིན་ནོ་ཚོ་པའི་ཨེར་ཏེ་ནིའི་པནྜི་ཏ་ཧོ་ཐོག་ཐུ་ནི་དགའ་ལྡན་བྱིན་ཆགས་གླིང་དུ་གསེར་བུམ་དཀྲུག་འདོན་གནང་སྟེ་ངོས་འཛིན་བྱས་པའི་སྤྲུལ་སྐུ་ཐོག་མ་དེ་ཡིན་པ་རེད།

ཆན་ལུང་ཁྲི་ལོ་ཞེ་བཞི་པ་སྟེ་སྤྱི་ལོ་1779ལོར་གོང་མ་ཆན་ལུང་གིས་པཎ་ཆེན་སྐུ་ཕྲེང་དྲུག་པར་ཕེབས་བསུ་ཞུ་ཆེད་དུ་པཎ་ཆེན་བཞུགས་ཁང་དང་སྡོམ་པ་འབོགས་ཁང་གཉིས་པོ་འཛུགས་སྐྲུན་བྱས་པ་དང་། ཕྱི་ལོའི་ཟླ་9པར་པཎ་ཆེན་སྐུ་ཕྲེང་དྲུག་པ་གོང་མའི་མཆོད་གནས་སུ་ཕེབས་ཏེ་པཎ་ཆེན་བཞུགས་ཁང་དུ་བཞུགས་སྡོད་མཛད་པ་དང་། སྡོམ་པ་འབོགས་ཁང་ནས་གོང་མ་ཆན་ལུང་ལ་སྡོམ་པ་འབོགས་པ་དང་དབང་ལུང་ཁྲིད་གསུམ་གནང་བ་དང་། རྗེས་སུ་གནས་དེར་གསེར་དངུལ་གྱི་མཆོད་རྟེན་དང་ཆོས་ཆས་སྣ་ཚོགས། དེ་མིན་དད་ལྡན་མང་ཚོགས་ཀྱིས་ཕུལ་བའི་དངོས་རྫས་རྩ་ཆེན་རིན་ཐང་དང་བྲལ་བ་མང་པོ་བཤམས་ཡོད།

ཡང་དགོན་པའི་ཉར་རྫས་ལས་ནོར་བུ་གསུམ་གྱི་གཙོ་བོར་བརྩིས་པའི་ཁྲིམས་ལྡན་དགེ་བ་གླིང་གི་རྟེན་གཙོ་ཙན་དན་དཀར་པོ་སྡོང་པོ་གཅིག་ལས་གྲུབ་པའི་རྒྱལ་བ་བྱམས་པ་བཞེངས་སྟབས་སུ་བཞུགས་པའི་སྣང་བརྙན་དེ་ཉིད་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པས་གསེར་དངུལ་རིན་ཆེན་སོགས་འབོར་ཆེན་བཏོན་ནས་བལ་པོའི་ཡུལ་ནས་ཙན་དན་དཀར་པོའི་སྡོང་པོ་ཞིག་བླུས་ཏེ་བོད་དུ་དྲངས་པ་དང་། བོད་ནས་སི་ཁྲོན་སོགས་གནས་མང་པོ་བརྒྱུད་ནས་ལོ་གསུམ་འགོར་མཚམས་པེ་ཅིང་དུ་འབྱོར་ཏེ་གོང་མ་ཆན་ལུང་ལ་ཕུལ་བ་དང་སྐུ་བརྙན་དེ་བཞེངས་བ་རེད། དེ་མིན་དགོན་པ་འདི་ཉིད་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་པེ་ཅིང་དུ་གོང་མར་མཇལ་བར་ཕེབས་སྐབས་ཀྱི་སྐུ་ངལ་གསོ་ཡུལ་དང་བྱེད་སྒོ་སྤེལ་ཡུལ་གཙོ་བོ་ཞིག་ཀྱང་རེད་འདུག །

ད་ཆ་དགོན་པ་འདི་སྔར་བས་བརྗིད་ཆགས་ཤིང་སྐྱེ་འགྲོ་ཕོ་མོ་ཡོངས་ཀྱི་ཡིད་ཀྱི་དང་བ་འདྲེན་པ་ཞིག་གོ ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1