སྤྱོད་ལམ་དང་ཁྲིམས་ལུགས།

རྒྱ་འདུ་སངས་རྒྱས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-30


ང་ཚོ་འགྲོ་བ་མིའི་གཞི་རྩའི་རང་བཞིན་གྱི་ཁྱབ་ཁོངས་སུ་དོན་དག་ཆེན་པོ་རིགས་གཉིས་ཡོད། དེ་ནི་བཟང་ཕྱོགས་དང་ངན་ཕྱོགས་ཀྱི་ལས་ཀ་ཁོ་ན་འབའ་ཞིག་ཏུ་གྲུབ་པས། དེ་ནི་ནང་སེམས་ཀྱི་ཀུན་སློང་ལ་རག་ལས་ཤིང་། ཀུན་སློང་དེ་ནི་ཕྱིའི་རྐྱེན་དང་ནང་རྐྱེན་གཉིས་ནས་བྱུང་བ་ཤ་སྟག་ཡིན། རང་ཅག་གིས་རྣམ་ཤེས་རྒྱུན་མཐུད་པ་འདི་ལ་བརྟེན་ཏེ་རིག་པའི་དབང་གིས་འཁོར་བ་འཁོར་ཚུལ་གྱི་སྐྱེས་པ་བླངས་པས་དུག་གསུམ་གྱི་ཉོན་མོངས་རང་བཞིན་གྱིས་འབྱུང་བཞིན་ཡོད། ཡིན་ཡང་གཞི་རྩའི་ཆ་ནས་འགྲོ་བ་མིའི་རིགས་ནི་ཀླ་ཀློའི་རིགས་དང་གཏུམ་དྲག་ཆེ་བའི་གཅན་གཟན་རིགས་དང་མི་འདྲ་བར་མ་ཟད། སོ་སོར་ལེགས་ཉེས་བླང་དོར་འབྱེད་བྱེད་ཀྱི་བློ་རིག་གྲུང་པོ་ཞིག་ཡོད་པར་བསམས། དེའི་ཕྱིར། བྱམས་པ་དང་སྙིང་རྗེ། གུ་ཡངས་དང་བཟོད་སྒོམ་གྱི་ནུས་པ། སེམས་བཟང་དང་ཞི་དུལ་གྱི་སྤྱོད་པ། བརྩེ་དུང་སོགས་གསར་གཏོད་ཀྱི་འདུ་ཤེས་སུ་ཁ་ཕྱོགས་པར་མཐོང་ན། མི་སྒེར་གྱི་སྟེང་དུ་སྤྱི་ཁྱབ་ཀྱི་རྩ་དོན་ཡོང་དགོས་པ་ཤུགས་ཀྱིས་བསྟན་ཡོད་པར་མ་ཟད། དེ་ནི་རང་ཉིད་འཚོ་བའི་ཁོར་ཡུག་དང་བསྟུན་ཐབས་ཀྱི་བྱེད་ཐབས་མ་ནོར་བ་ཞིག་ཡིན་ལ། དེ་དང་བསྟུན་ཐུབ་མཁན་གྱི་མི་སྒེར་བའི་འཚོ་གནས་ནི་འཕེལ་རྒྱས་འགྲོ་བའི་ཆོས་ཉིད་ཅིག་ཡིན་པར་གདོན་མི་ཟ།

འོན་ཏེ། དེ་དང་ལྡོག་གཟུགས་སུ་འཆར་བའི་མིའི་འདོད་ཧམ་དང་དབྱེན་སྦྱོར་གྱི་བྱ་བའང་རབ་དང་རིམ་པ་མང་པོ་མཐོང་ཐོས་བྱུང་སྟེ་གསར་འགྱུར་བརྒྱུད་ལམ་སོགས་སུ་གཏོང་བཞིན་པ་འདི་ལགས་ན། ཆེ་བ་རྒྱལ་ཁབ་དང་ཆུང་བ་མི་སྒེར་བར་དུ་ཚོད་འཛིན་གྱི་ནུས་པ་མེད་པའི་ངན་ཤུགས་འོག་སེམས་ཁམས་སྙོམས་སྒྲིག་མ་ཡོང་བ་དང་། བདེ་སྐྱིད་འཚོལ་ཐབས་ཀྱི་སྒྲིག་གཞི་བརྟན་ཆགས་ཤིག་མེད་པའི་རྟགས་སུ་གྲུབ་སྟེ། དཔེར་ན། མི་སྒེར་གྱི་ངོས་ནས་བལྟས་ན་འཇེའོ་མི་རིགས་རྩ་མེད་དུ་གཏོང་འདོད་པའི་ཧེ་ཊི་ལན་དང་། མི་རིགས་སྡེབ་གསོ་བྱེད་པའི་སི་ཏ་ལིན། གསོད་ཁང་འཛུགས་མཁན་གྱི་ཕོ་ལི་ཊི་སོགས་བྱུང་ཡོད་པས་ཤེས་ཐུབ། དེར་མ་ཟད་སྤྱི་བའི་ངོས་ནས་རིག་གནས་གསར་བརྗེ་དང་ལྔ་བཞིའི་ལས་འགུལ། རིག་རྩལ་བསྐྱར་དར་སོགས་དཔེར་མཚོན་ཙམ་གྱིས་ངེས་ཤེས་རྙེད་ཐུབ་པས། འདི་དག་མཚོན་པའི་མི་དང་མིའི་སྤྱོད་ལམ་ལ་བར་ཁྱད་དང་འགལ་འདུ་མང་དུ་བྱུང་ཞིང་། སྤྱི་ཚོགས་ཀྱི་བདེ་འཇགས་དང་རང་བྱུང་གི་མཛེས་སྡུག་སོགས་ཉམས་རྒུད་དང་ཐབས་ཆག་ཏུ་གྱུར་དང་འགྱུར་བཞིན་པ་ནི། གཙོ་བོ་མིའི་སྤྱོད་ལམ་གྱི་ངོས་ནས་ཐོན་པའི་ཉོག་དྲ་ཁོ་ནར་གྱུར། དེ་བཞིན་དུ་སོ་སོའི་མི་སྒེར་གྱིས་རང་སྣང་གང་དྲན་དང་། གང་བྱུང་མང་བྱུང་ལྟ་བུ་མ་ཡིན་པར་དོན་དམ་རང་དབང་གི་བསམ་བློ་དང་དང་ལེན་ཕྲག་ལེན་གྱི་ཁྲིམས་ལུགས་བརྩི་སྲུང་ནན་མོར་གཏོང་དགོས་པའང་བདེན་པའི་གཏམ་དུ་གྱུར། དེ་ལྟར་ཁྲིམས་ལུགས་ནི་རང་ཉིད་འགེབས་སྲུང་བྱེད་སྤྱད་ཅིག་དང་། ཁྲིམས་ལུགས་ལ་བརྟེན་ནས་རང་ཉིད་འཆིང་བ་ལས་གྲོལ་བར་བྱེད་ལ། བསྒྲུབ་མི་ཆོག་པ་དང་མི་རུང་བ་ཞིག་འགོག་སྲུང་བྱེད་མཁན་ཞིག་ཡིན་ལ། འཐོབ་འོས་པ་དང་འཐོབ་རུང་བ་ནི་ལོངས་སུ་སྤྱོད་པར་བྱེད་མཁན་ཞིག་ཡིན་པ་བསྙོན་དུ་མེད། དེར་བརྟེན། སྤྱོད་པ་ཡོ་བསྲང་དང་ཁྲིམས་ཞུགས་མཐོར་འདེགས་སུ་གཏོང་བར་བྱེད་པའི་གཞི་རྩའི་བསམ་བློ་ངེས་ཅན་ཞིག་ཡོད་ན། སེམས་བྱུང་གང་རུང་གི་ངོས་ནས་ཐོན་པའི་ཚོར་བ་མི་བདེ་བ་དང་ནང་སེམས་འཁྲུག་པ་སྔོན་འགོག་བྱ་ཐུབ། དེ་ལས་ལྡོག་སྟེ་རང་གཅེས་འཛིན་གྱི་བསམ་བློ་ལས་བྱུང་བའི་བྱ་བའི་ནུས་ཤུགས་དང་རྩོལ་བ་ཁོ་ནས་རང་ཉིད་ཀྱི་སྤྱོད་པ་བཟང་པོ་རྒྱ་ཡན་དུ་བཏང་དང་གཏོང་བཞིན་ཡོད་པས། སེམས་ཁམས་སླར་གསོ་དང་མི་གཤིས་བཅོས་སྒྱུར། སྤྱོད་བཟང་དར་སྤེལ་དུ་ཕྱོགས་པ་ན། ཁྲིམས་ལུགས་ནི་ནམ་ཡང་ཁྱོད་ཀྱིས་བསམས་པའི་གཉའ་ཤིང་ནན་མོ་དེ་མིན་པར། ཁྱོད་ཉིད་སྲུང་སྐྱོང་བྱེད་མཁན་གྱི་ལག་རྟེན་ཞིག་གོ །

ང་ཚོས་ཁྲིམས་ལ་བརྟེན་ནས་བདེན་པ་བརྩི་སྲུང་དང་གནས་ལུགས་དར་སྤེལ་བྱ་དགོས་ལ། ཁྲིམས་ལ་བརྟེན་ནས་སྤྱོད་ངན་བསྒྱུར་བཀོད་དང་ཉེས་པ་ཡོ་བསྲང་བྱ་དགོས་པར་བསམས་ན། ང་ཚོའི་ས་ཆ་ལ་ལར་ད་དུང་ཡང་གྲུ་མདུང་གི་ངར་ཤུགས་དང་རྩྭ་ས་རྩོད་གླེང་གི་གྱོད་དོན། མི་གསོད་རྟ་འདེད་ཀྱི་བྱ་བ། གྲུབ་མཐའི་འཐེན་འཁྱེར་འདུ་ཤེས། ཁྱིམ་མཚེས་ཕུང་དཀྲུག་གི་གཞི་མ་དང་བཟའ་ཚང་འཐོར་རྐྱེན་གྱི་འགལ་འདུ་སོགས་མང་མེད་ན་མི་ཉུང་བའི་ཚོད་དུ་འདུག །དཔེར་ན། ཀན་སུའུ་ཀན་ལྷོའི་ཅོ་ནེའི་ཕྱོགས་ཀྱི་སྡེ་བ་ག་གེ་མོ་གཉིས་ཀྱིས་ལོ་ངོ་ཉི་ཤུའི་རིང་གི་རྩྭ་ས་རྩོད་གླེང་གི་གནད་དོན་ཁྲོད་ནས་མི་གསོད་གྱོད་དོན་ཉི་ཤུ་ལྷག་བྱུང་བ་དང་། རྨ་ཆུའི་ཕྱོགས་ཀྱི་ས་ཆ་ག་གེ་མོ་ཞིག་ནས་ཤོ་རྒྱག་སྟོང་མཇལ་བྱས་ཏེ་ཁྱིམ་ཚང་ཤུལ་མེད་དུ་བཏང་བ། ཀན་སུའུ་བསམ་ཆུའི་ཕྱོགས་ཀྱི་ས་ཆ་ག་གེ་མོ་ཞིག་ཏུ་མི་བསད་དེ་ཁྱིམ་ཚང་གི་སྒོ་ཕྱུགས་དང་ཁང་ཁྱིམ་གཏོར་བཤིག་ཏུ་བཏང་བ། དེ་མིན་ཁམས་ཕྱོགས་ཀྱི་དགོན་པ་ག་གེ་མོ་ཞིག་ནས་གླུ་བྲོ་སྦྱངས་པའི་སྐྱོ་གར། སི་ཁྲོན་ས་ཆའི་བླ་མ་ཆེ་གེ་མོས་མང་ཚོགས་ལ་ཁྲལ་བཞག་པའི་གནས་ཚུལ། ཆབ་ཆ་ནས་ཆུང་མར་གཅར་བའི་བརྙན་ཐུང་། ལྷ་སའི་ཕྱོགས་ནས་དགེ་རྒན་གྱིས་སློབ་མའི་ཀློག་སྟངས་ལ་བརྙས་བཅོས་ཚད་མེད་བྱས་པའི་བརྙན་ཐུང་། གྲོང་ཁྱིམ་འགྲིམས་པའི་ཨ་མཆོད་ཀྱིས་བུད་མེད་ལ་ལོག་གཡེམ་བྱས་པའི་བརྙན་ཐུང་སོགས་ཀྱི་དཔེར་མཚོན་ཉུང་བསྡུས་འདི་དག་གིས་ང་ཚོ་ལ་ཅི་ཞིག་དྲན་དུ་འཇུག་སྲིད། ག་འདྲ་ཡིན་པར་ངེས་ཤེས་འཐོབ་སྲིད་དམ། རིག་གནས་དང་ཁོར་ཡུག་ཉམས་དམས་སུ་བཏང་དང་གཏོང་བ་ནི་མིའི་སྤྱོད་ལམ་དང་འབྲེལ་བ་ཤ་སྟག་ཡོད་པས། ད་ནི་ང་ཚོས་མེ་ལོང་ལྟ་བུའི་ཁྲིམས་ལུགས་ལ་བལྟས་ནས་ཆུ་རྙོག་ལྟ་བུའི་གཏམ་རྒྱུད་རང་བཞིན་སེལ་ན་རེད། དེ་དང་ཆབས་ཅིག་གང་ཞིག་སྲུང་སྐྱོང་དང་དབང་ཆ། གཙིགས་ཆེན་དང་ཏིང་འཛིན་བྱས་ཏེ་སླར་ཡང་སྤྱོད་བཟང་དར་སྤེལ་དང་སྤྱོད་ངན་དག་ཐེར། གཞི་ནས་སྤྱོད་པ་དང་ཁྲིམས་ལུགས་མཐུན་ཕྱོགས་སུ་བསྟར་ནས་བདེན་པ་དང་གནས་ལུགས་ཀྱི་རྒྱབ་རྟེན་དུ་ལངས་ན་རེད། ཁྲིམས་ལུགས་ཀྱི་མིག་ཟུང་འོག་ནས་ལེགས་ཉེས་ཀྱི་བྱ་བར་བལྟས་ན་རེད། ད་ནི་ཁ་བཤད་སྐམ་པོ་དེ་རེ་ཞིག་བསྐྱུར་ནས་ལག་ལེན་དོན་ཐོག་ཏུ་གཞོལ་དགོས་པ་ནི་གནད་ཀྱི་དོན་པོ་རེད། འདི་ནི་ང་ཚོ་དང་ང་ཚོའི་བྱ་སྤྱོད་ཀྱི་ཁ་ཕྱོགས་ཁྲོད་ནས་རྙེད་པའི་ཟིན་ཐོ་ཡིན་ལ། ང་ཚོའི་འདུ་ཤེས་དང་བར་ཐག་རིང་སར་གནས་པའི་ཁྲིམས་ལུགས་ཀྱི་རྩ་དོན་ཡིན། དེའི་ཕྱིར། ཐབས་གང་གིས་ནི་དཀྲི་བའི་སྒོ་ནས་ཡང་དག་པའི་ལམ་ལུགས་ཕྱོགས་སུ་འབད་པར་རིགས་ལ། ཁྲིམས་ཀྱིས་བདེན་པ་སྐྱོང་ཞིང་བདེན་པ་དོན་དུ་གཉེར་བའི་མི་དང་མིའི་བར་དུ་སྤྱོད་བཟང་དར་སྤེལ་དུ་བཏང་སྟེ། གང་ཟག་ལ་མི་རྟོན་པར་ཁྲིམས་ལུགས་ལ་རྟོན་པའི་དམ་ཚིག་གཅེས་སུ་བྱུང་ན། དོ་མཉམ་པའི་ཁྲིམས་ལུགས་ཀྱི་འདུ་ཤེས་དང་ཀུན་སྤྱོད་ཀྱི་ཚད་གཞི་ནི་ང་ཚོའི་མི་ཚེའི་ཚད་ཤིང་དང་ལུགས་མཐུན་གྱི་ལམ་སྲོལ་ཡིན་ནོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1