རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《དབང་པོ་སྐྱོན་ཅན་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི(2022-2024ལོའི་བར)》བཀྲམ་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-12



     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《དབང་པོ་སྐྱོན་ཅན་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི(2022-2024ལོའི་བར)》(གཤམ་དུ《བྱ་སྤྱོད་འཆར་གཞི》ཞེས་བསྡུ་རྒྱུ)བཀྲམ་ནས། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ“ལོ་ལྔ་ཚན་བཅུ་བཞི་པའི”རིང་དབང་པོ་སྐྱོན་ཅན་ཚོ་སྤུས་ཚད་ཅུང་ལེགས་ལ་འདང་ངེས་ཡོད་པའི་སྒོ་ནས་ལས་ཞུགས་ཐུབ་རྒྱུའི་དམིགས་ཚད་མངོན་འགྱུར་བྱེད་པའི་ཐད་བཀོད་སྒྲིག་བྱས་ཡོད་པ་རེད།
     《བྱ་སྤྱོད་འཆར་གཞིའི》ནང་། དབང་པོ་སྐྱོན་ཅན་གྱི་བྱ་གཞག་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམིགས་ནས། 2022-2024ལོའི་བར་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་བའི་ལས་འགན་གྱི་དམིགས་ཚད་དང་། བྱེད་ཐབས་གཙོ་བོ། འགན་ལེན་ཆ་རྐྱེན་སོགས་ཀྱི་ནང་དོན་ཁ་གསལ་བཏོན་ཡོད་པ་རེད།
     《བྱ་སྤྱོད་འཆར་གཞིའི》ནང་བཏོན་དོན། ལས་ཞུགས་ཀྱི་དགོས་མཁོ་ཡོད་པ་དང་ལས་ཞུགས་ཀྱི་ཆ་རྐྱེན་འཛོམས་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལས་ཞུགས་མ་ཐུབ་པའི་དབང་པོ་སྐྱོན་ཅན་གཙོ་བོར་བྱས་ཐོག་སྲིད་གཞུང་གིས་ལས་ཞུགས་ལ་སྐུལ་མ་གཏོང་བའི་ནུས་པ་སྔར་བས་འདོན་སྤེལ་དང་། དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་གཏོད་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་སྔར་བས་དོན་འཁྱོལ། དབང་པོ་སྐྱོན་ཅན་གྱི་ལས་རིགས་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་གནས་བརྟན་དུ་དང་མང་དུ་གཏོང་དགོས། 2022-2024ལོའི་བར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱོན་དབང་པོ་སྐྱོན་ཅན་ཁྲི་100གསར་དུ་ལས་ཞུགས་ཐུབ་ནས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་གཏོད་ནུས་པ་རྒྱུན་མཐུད་ངང་ཆེ་རུ་འགྲོ་བ་དང་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཁེ་དབང་འགན་ལེན་དེ་བས་ཡག་པོ་བྱུང་སྟེ། དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་གཏོད་ལ་བསམ་ཤེས་དང་། དོ་ཁུར། རྒྱབ་སྐྱོར་བཅས་བྱེད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས། 《བྱ་སྤྱོད་འཆར་གཞིའི》ནང་ལོ་གསུམ་རིང་གཤམ་གསལ་གྱི་བྱ་སྤྱོད་ཁག་བཅུ་ལག་བསྟར་བྱ་རྒྱུའི་གཏན་འབེབས་བྱས་ཡོད་པ་སྟེ། གཅིག་ནི་ལས་ཁུངས་དང་བྱ་གཞག་ཚན་པས་སྣེ་ཁྲིད་དེ་དབང་པོ་སྐྱོན་ཅན་ལས་ཞུགས་བཀོད་སྒྲིག་བྱེད་པའི་བྱ་སྤྱོད་དང་། གཉིས་ནི་གཞུང་ཁོངས་ཁེ་ལས་ཀྱིས་དབང་པོ་སྐྱོན་ཅན་ལས་ཞུགས་བཀོད་སྒྲིག་བྱེད་པའི་བྱ་སྤྱོད། གསུམ་ནི་དམངས་གཉེར་ཁེ་ལས་ཀྱིས་དབང་པོ་སྐྱོན་ཅན་ལས་ཞུགས་བཀོད་སྒྲིག་བྱེད་པའི་བྱ་སྤྱོད། བཞི་ནི་དབང་པོ་སྐྱོན་ཅན་རྩ་འཛུགས་ཀྱིས་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱས་ནས་ལས་ཞུགས་ཐུབ་པར་བྱེད་པའི་བྱ་སྤྱོད། ལྔ་ནི་ལས་ཞུགས་ཐད་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་ལ་ལས་ཞུགས་རོགས་སྐྱོར་བྱེད་པའི་བྱ་སྤྱོད། དྲུག་ནི་གྲོང་གསེབ་ཀྱི་དབང་པོ་སྐྱོན་ཅན་ལ་ལས་ཞུགས་རོགས་སྐྱོར་བྱེད་པའི་བྱ་སྤྱོད། བདུན་ནི་དབང་པོ་སྐྱོན་ཅན་གྱི་སློབ་ཆེན་སློབ་མར་ལས་ཞུགས་རོགས་སྐྱོར་བྱེད་པའི་བྱ་སྤྱོད། བརྒྱད་ནི་ལོང་བའི་འཕུར་མཉེད་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད། དགུ་ནི་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཞབས་ཞུ་ལེགས་སུ་གཏོང་བའི་བྱ་སྤྱོད། བཅུ་ནི་དབང་པོ་སྐྱོན་ཅན་གྱི་ལས་རིགས་རྩལ་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད།
     《བྱ་སྤྱོད་འཆར་གཞིའི》ནང་སྲིད་ཇུས་དང་། མ་དངུལ། ཆ་འཕྲིན། སྒྲིག་འཛུགས་སོགས་ཐད་ཀྱི་འགན་སྲུང་ཆ་རྐྱེན་ཁ་གསལ་བཏོན་ཡོད་པ་སྟེ། རིམ་ཁག་མི་དམངས་སྲིད་གཞུང་གི་དབང་པོ་སྐྱོན་ཅན་ལས་དོན་ཨུ་ལྷན་གྱིས་སྒྲིག་འཛུགས་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ཐོག་འབྲེལ་ཡོད་སྡེ་ཚན་དང་ཚན་པས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་དོན་ཡག་པོ་བསྒྲུབ་རྒྱུར་སྐུལ་འདེད་གཏོང་དགོས། རིམ་ཁག་མི་དམངས་སྲིད་གཞུང་གིས་ལས་ཞུགས་ལས་དོན་གྱི་མཐུན་སྦྱོར་ལམ་སྲོལ་ལ་སྐུལ་འདེད་བཏང་ནས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཐད་ཀྱི་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། ས་གནས་ཁག་གིས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་གསོ་སྦྱོང་དང་། ལས་ཞུགས་ཞབས་ཞུ། ཁ་གསབ་བྱ་དགའ་སོགས་འབྲེལ་ཡོད་མ་དངུལ་འགན་ལེན་དང་བསྡུར་ཚད་ལས་བརྒལ་ནས་དབང་པོ་སྐྱོན་ཅན་ལས་ཞུགས་བཀོད་སྒྲིག་བྱས་པའི་མི་སྤྱོད་ཚན་པར་བྱ་དགའ་སྤྲོད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཡོངས་ཀྱི་གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་དང་རིམ་ཁག་སྲིད་དོན་ཞབས་ཞུའི་སྒྲིག་གཞིར་བརྟེན་ནས། དབང་པོ་སྐྱོན་ཅན་གྱི་ལས་ཞུགས་གཞི་གྲངས་ཕན་ཚུན་སྦྲེལ་མཐུད་ཐུབ་པ་བྱེད་དགོས།
     《བྱ་སྤྱོད་འཆར་གཞིའི》ནང“2022དབང་པོ་སྐྱོན་ཅན་གྱི་ལས་ཞུགས་དྲིལ་བསྒྲགས་ལོའི”བྱེད་སྒོ་སྤེལ་ནས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་བཏོན་ཡོད་པ་སྟེ། ས་གནས་རིམ་ཁག་མི་དམངས་སྲིད་གཞུང་གིས་བྱ་སྤྱོད་ཁག་གི་འགན་འཁུར་སྡེ་ཚན་དང་འགན་འཁྲི་ལས་བགོས་སྔར་བས་ཁ་གསལ་བཟོས་ཐོག་ལོ་འཁོར་གཞིར་བཟུང་འཆར་གཞི་ལག་བསྟར་བྱས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་ཚོད་སྐོར་བྱེད་དགོས་པ་མ་ཟད། འཆར་གཞི་ལག་བསྟར་བྱེད་རིང་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་གཏོད་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་དང་ཕན་འབྲས་ལ་ཉུང་མཐར་ཡང་ཚོད་སྐོར་ཐེངས་གཅིག་བྱེད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1