ཕྱག་ཕྲེང་རྫོང་གི་ལུག་གྲོད་ཤ་མོའི་སྐྱེ་ཚུལ་ཡག་པས་མང་ཚོགས་ལ་ཡོང་འབབ་འཕར་རེ་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 04-14


      དཔྱིད་ཟླ་གསུམ་པར་སྐྱེ་དངོས་ཐམས་ཅད་སླར་དུ་གསོ། ཕྱག་ཕྲེང་རྫོང་ཤམ་བྷ་ལ་གྲོང་རྡལ་མ་སེ་གྲོང་སྡེའི་འདེབས་འཛུགས་རྟེན་གཞིར་ལུག་གྲོད་ཤ་མོའི་སྐྱེ་ཚུལ་ཧ་ཅང་ཡག་པོ་ཡིན་ཞིང་། མི་རྣམས་གོ་རིམ་ལྡན་པའི་ངང་ལ་ལས་ཞིང་ཆུ་གཏོར་བ་དང་། ལ་ལས་ཡུར་མ་རྒྱག་པ། ཡང་འགའ་ཞིག་གིས་རྩྭ་ངན་འཐོག་པ་སོགས་ཕན་ཚུན་ལ་ཤུགས་རྐྱེན་མི་ཐེབས་པར་ལས་ཀ་བྱེད་བཞིན་འདུག །
      རྟེན་གཞིའི་འགན་འཁུར་བས་ཀོང་ཀྲོའུ་དང་ཁུན་མིང་སོགས་ཀྱི་སྐུ་མགྲོན་ལ་ཁ་པར་གཟུགས་ལམ་ནས་ལུག་གྲོད་ཤ་མོའི་སྐྱེ་ཚུལ་སྐུར་ཞོར་གསར་འགོད་པར་ལུག་གྲོད་ཤ་མོ་ནི་རེས་མོས་བྱས་ཏེ་འདེབས་འཛུགས་བྱེད་ཆོག་པས་མ་ཚད། ཁྲོམ་རར་འདོན་པའི་གོ་སྐབས་སྔ་ཙམ་ནས་སྐོང་ཐུབ། དེ་ལྟར་ཞིང་ལས་དུས་ཚོད་ལ་འཐུས་ཤོར་མི་འགྲོ་བ་དང་འབབ་འཕར་ལ་སྐུལ་འདེད་གཏོང་བའི་དམིགས་ཡུལ་གཉིས་ཆ་ནས་བསྒྲུབ་ཐུབ་བཞིན་ཡོད་ཅེས་བཤད།
     ཉེ་བའི་ལོ་འགར། ལུག་གྲོད་ཤ་མོའི་ཚོང་ར་མུ་མཐུད་ཇེ་བཟང་དུ་འགྲོ་བ་དང་བསྟུན་ནས། ཕྱག་ཕྲེང་རྫོང་གི་ཡུལ་ཤོག་དང་གྲོང་རྡལ་ཁག་གིས་མཐོ་སྒང་ཁྱད་ཆོས་ཀྱི་ཞིང་ལས་ཚོང་རྟགས་གསར་པ་གཏོད་པའི་ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལྟར། རང་ངོས་ཀྱི་བཟང་ཆའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་གྲུབ་ཆ་ལེགས་སྒྲིག་དང་།བཀོད་སྒྲིག་ལེགས་པོ།མཉམ་འདྲེས་འཕེལ་རྒྱས་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་འབྱུང་འཕྲོད་ཐོན་སྐྱེད་དང་། སྐྱེ་ཁམས་འདེབས་འཛུགས་གསོ་ཚགས་བྱེད་སྟངས་ཁྱབ་གདལ་བཏང་སྟེ་ཐོན་ལས་འཕེལ་རྒྱས་གཏང་རྒྱུ་དེ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་ཡུལ་སྡེ་དར་རྒྱས་གཏོང་བར་འབྲེལ་མཐུད་བྱེད་པའི་འགག་རྩའི་ཐབས་ལམ་དུ་བརྩིས་ནས། ས་གནས་དེ་གའི་ཆུའི་ཐོན་ཁུངས་འདང་ངེས་དང་། ས་རྒྱུ་ལེགས་པ། འོད་ཤུགས་ཆེ་བ། སྦགས་བཙོག་ཉུང་བ་སོགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ལུག་གྲོད་ཤ་མོའི་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཡུལ་སྡེ་དར་རྒྱས་གཏོང་བར་ནུས་ཤུགས་འདོན་རོགས་བྱས་ཡོད།
      གངས་ལྗོངས་རྡོ་རྗེ་ཞིང་ལས་ཞབས་ཞུ་འགན་འཁྲི་ཚད་ཡོད་སྤྱི་གཉེར་ཁང་གི་འགན་འཁུར་བ་ཚེ་རིང་རྡོ་རྗེས་ད་ལོ་ནི་ང་ཚོས་ལུག་གྲོད་ཤ་མོ་ཚོད་འདེབས་བྱེད་ཐེངས་དང་པོ་ཡིན་ཞིང་། ད་ཆ་ཤ་མོ་སྐྱེས་ཚུལ་ལ་བལྟས་ཚེ་ཕན་འབྲས་ཧ་ཅང་ཡག་པོ་ཐོབ་རེ་འདུག །ཆེད་རམས་པ་དང་ཞིང་དུད་ཚོས་ང་ཚོའི་འདེབས་འཛུགས་བྱེད་སྟངས་དང་ལུག་གྲོད་ཤ་མོའི་སྤུས་ཀར་གདེང་འཇོག་ཧ་ཅང་ཡག་པོ་བྱེད་ཀྱི་ཡོད། ལུག་གྲོད་ཤ་མོ་ཁྲོམ་རའི་མདུན་ལམ་ལ་ཡང་ཡིད་ཆེས་ཆེན་པོ་འདུག །ང་ཚོས་འདེབས་འཛུགས་བྱས་པར་ཕན་འབྲས་ཡག་པོ་ཐོན་པ་མཐོང་སྐབས་ས་གནས་དེ་གར་ལུག་གྲོད་འདེབས་མཁན་སྦྱིན་བདག་དང་ཞིང་དུད་མང་པོ་ཞིག་ཀྱང་རྟག་ཏུ་ང་ཚོའི་ཕྱོགས་སུ་ཡོང་ནས་ང་ཚོའི་འདེབས་འཛུགས་ཉམས་མྱོང་སློབ་སྦྱོང་བྱེད་ཀྱི་ཡོད་པ་རེད་ཅེས་བཤད།
      ཤེས་རྟོགས་བྱུང་བར་གཞིགས་ན། ད་སྔའི་བར་ཕྱག་ཕྲེང་རྫོང་གིས་ལུག་གྲོད་ཤ་མོ་ཁྱོན་བསྡོམས་མུའུ་45བཏབ་པ་དང་ཞིང་འབྲོག་པ་མི་རེར་ཆ་སྙོམས་ཡོང་འབབ་སྒོར་2300ལྷག་ཙམ་ཡོང་གི་ཡོད། ཕྱིན་ཆད་རྫོང་དེས་ལུག་གྲོད་ཤ་མོའི་འདེབས་འཛུགས་གཞི་ཁྱོན་སྔར་བས་ཆེ་རུ་གཏང་རྒྱུ་ཡིན་པར་མ་ཟད། ས་ཞིང་ནང་བཤུག་དང་ཉེ་འགྲམ་དུ་ལས་ཀ་བྱེད་པའི་རྣམ་པའི་ཐོག་ནས་ས་གནས་དེ་གའི་ཡུལ་མི་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱ་རྒྱུ་ཡིན་པ་རེད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1