གཙོ་ངོས།>> འཕྲོད་བསྟེན།>>བོད་ཀྱི་གསོ་རིག

ཚེ་རིང་ལྷ་མོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༢ལོའི་ཟླ་བ་༠༥ཚེས་༡༠ཉིན།

༄༅།། མཁལ་ཚད་ནད་ལ་བརྟག་བཅོས་བྱས་པའི་མྱོང་ཚོར་མདོར་བསྡུས།


ཚེ་རིང་ལྷ་མོ། སྡེ་དགེ་རྫོང་བོད་ལུགས་སྨན་རྩིས་ཁང་།


    འདིར་རང་ཉིད་ཀྱིས་ལོ་ཁ་ཤས་ནང་ནད་སྡོད་ཁང་དང་སྒོ་བསྟེན་བཅས་སུ་སྨན་བཅོས་བྱས་པའི་ཁྲོད་མཁལ་ཚད་ནད་ཀྱིས་མནར་བའི་ནད་པ་འགའ་ཤས་འཕྲད་པར་དངོས་སུ་སྨན་བཅོས་བྱས་པའི་མྱོང་ཚོར་ཕྲན་བུ་ཞིག་ཞུ་བ་ལ། དེ་ཡང་མན་ངག་ཡོན་ཏན་རྒྱུད་ལས། མཁལ་མའི་ནད་ལ་རྒྱུ་རྐྱེན་དབྱེ་བ་དང་། རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན། ཞེས་མཁལ་མའི་ནད་ཀྱི་རྒྱུ་རྐྱེན་དང་། དབྱེ་བ། རྟགས། བཅོས་ཐབས་བཅས་རྣམ་པ་བཞིའི་སྒོ་ནས་བསྟན་ཡོད་ལ་ད་རེས་སྐབས་སུ་བབས་པ་མཁལ་ནད་དབྱེ་བ་བདུན་གྱི་ནང་གསེས་མཁལ་ཚད་ནད་གཞུང་དང་ནད་ཐོག་ལག་ལེན་བཅས་སྦྱར་བའི་བརྟག་བཅོས་མདོར་བསྡུས་སུ་བསྟན་པ་བྱ། སྤྱིར་མཁལ་ཚད་ཀྱི་ནད་ཟེར་བ་ནི་མཁལ་མར་ཚ་བ་ཞུགས་པའི་རྐྱེན་ལས་བྱུང་པའི་རྣམ་པ་གྱུར་བའི་ནད་ཞིག་ལ་འདོད། ནད་འདི་ནི་བྱིས་པ་དང་ན་གཞོན་བུད་མེད་བཅས་ལ་ན་མང་བའི་ནད་རིགས་ཤིག་ཡིན། དེའི་རྒྱུ་རྐྱེན་ནི་མན་ངག་རྒྱུད་ལས། རྒྱུ་ནི་བརྡབས་དང་མི་ཐེག་ཁུར་དང་བཏེགརླན་ལ་འདུག་དང་ཆུ་ཡི་ལས་བྱས་འབྱུང་། ཞེས་དང་། ལྷན་ཐབས་ལས་ བང་མཆོངས་སོགས་ཀྱིས་མཁལ་རྩ་འཆུས་པ་དང་། མངར་ཆའི་རིགས་ཀྱིས་ཟས་རིགས་བསྟེན་དྲགས་པ། ཞེས་དང་། མཁལ་ཚད་ཆང་བཏུངས་འགྲོ་འདུག་ན། དེ་མིན་སྐྱ་རེངས་ལས། གློ་བུར་བརྡབས་འཁྲུགས་སོགས་ཀྱི་མཁལ་ཚད་སློང་། ཡང་ཟིན་ཏིག་ལས་། ཁྲག་ནད་སྨད་དུ་བབས་པ་རྒྱུ། ཞེས་གསུངས་པ་ལྟར་མི་ཐེག་པ་ཁུར་བ་དང་། ལུས་བརྡབས་འཁྲུགས་སུ་ཤོར་བ། ཤ་ཆང་སོགས་དྲོད་བཅུད་ཚ་བའི་རིགས་བསྟེན་དྲགས་པ་སོགས་དང་། དེ་མིན་ར་ཤ་དང་། ཕག་ཤ། ཇ་མ་ཐོན་པ། རྗེན་རིགས་སོགས་རོ་མངར་བ་དང་ནུས་པ་ལྕི་ལ་བསིལ་བའི་རིགས་ཀྱི་ཟས་དང་སྤྱོད་ལམ་བསྟེན་ཆེ་བ་སོགས་ཀྱིས་ནད་འདི་སློང་གི་ཡོད་པ་རེད།

      མཁལ་ཚད་ལའང་ནད་ཚབས་ཆེ་བའི་མཁལ་ཚད་ཟེར་བ་མཁལ་མར་ཚ་བའི་ནད་ཐོག་མར་བྱུང་བའི་སྐབས་དང་ཡང་ན་ཚབས་ཆུང་བའི་མཁལ་ཚད་ཀྱི་ནད་ལ་ཟས་སྤྱོད་སྨན་དཔྱད་སོགས་ལོག་ཏེ་བསྐྱར་ལོག་རྒྱབ་པའི་སྐབས་སུ་ཟེར་བ་ཡིན། དེའི་རྟགས་གཞུང་ལས་།མཁལ་ཚད་ཆང་འཐུང་འགྲོ་འདུག་བྱས་ཚེ་ན། ཆུ་ཁ་ཚ་ཞིང་ཤ་རུས་བར་ན་འཁྱུགཅེས་དང་། ནད་འཕེལ་མགྱོགས་པའི་སྐབས་སུ་ནད་ཐོག་དངོས་ནང་ལུས་པོ་ཡོངས་སུ་ཚ་བ་རྒྱབ་པ་དང་། ལུས་པོ་འདར་བ། མཚན་མོ་ཁ་ལྕེ་སྐམ་པ་དང་གཉིད་གཡེར་བ། མགོ་བོ་ན་བ་རྣ་བ་འོན་པ།ཤ་རུས་བར་ན་ཚ་ཤ་རྒྱག་པ། མཁལ་རྐེད་འཁོར་ནས་ན་ཟུག་ལྡང་དུབ་བྱས་ནས་གཏོང་བ།གཅིན་པ་གཏོང་དཀའ་ལ་གཅིན་ལམ་ལའང་ཚ་ཤར་རྒྱབ་པ། རྒྱུན་དུ་ཐོག་མར་མིག་ལྕིབས་དང་གདོང་སོགས་ལ་སྐྲངས་སྦོས་བྱུང་ཞིང་མགྱོགས་མྱུར་ལུས་པོ་ཡོངས་ཁྱབ་པར་གྱུར་བའི་རྟགས་མངོན་པ་ཡིན།

    དེའི་བཅོས་ཐབས་ནི། ཐོག་མར་མཁལ་ཚད་ནད་ལ་སྨན་བཅོས་དང་ངལ་གསོ་སྲུང་འབྲེལ་བྱེད་དགོས།ནད་མྱུར་བའི་དུས་མཚམས་སུ་སྙིང་ཤུགས་ཉམས་རྒུད་གྱི་ནད་མི་ཡོང་བ་བྱེད་ཆེད་མལ་དུ་ཉལ་ནས་ངལ་གསོ་ཡག་པོ་རྒྱབ་དགོས་པ་དང་།གལ་ཏེ་ནད་མྱུར་བའི་མཚམས་སུ་ངལ་གསོ་ཡག་པོ་རྒྱག་མ་ཐུབ་ན་དལ་བའི་རང་བཞིན་གྱི་མཁལ་མའི་ཚ་ནད་དུ་འགྱུར་སྲིད་པས་མཁལ་མའི་ཚ་བ་གཅོག་རྒྱུ་དང་མཁལ་མའི་ནུས་པ་གསོ་རྒྱུ་བཅས་ཀྱི་བྱེད་ཐབས་གཏན་འཁེལ་བྱེད་དགོས།ནད་ཚབས་ཆེ་བའི་མཁལ་ཚད་སྐབས་སུ་ཕྱི་རྒྱུད་གུར་གུམ་བདུན་པའི་སྦྱོར་བ། ཨ་རུ་གཙོ་བརྒྱད། ཨ་རུ་བཅུ་པ་སོགས་ནད་བབས་ལ་གཞིགས་ཏེ་གང་འཕྲོད་ཀྱི་གཉན་ཚད་གཅོག་དགོས།ནད་ཚབས་ཆུང་བའི་མཁལ་ཚད་ལ་སྨན་ཨ་རུ་བཅུ་པ་དང་། གུར་གུམ་བཅུ་གསུམ་ནད་སྟོབས་ལ་གཞིགས་ཏེ་རྒྱུན་བསྲིར་བཅོས་ཐབས་ལ་བསྟེན་ན་དྲག་སྐྱེད་ཐུབ་པ་མ་ཟད་སླར་བསྐྱང་ལོག་མི་རྒྱག་པའི་ཕན་འབྲས་ཆེན་པོ་ཡོད། མཁལ་ཚད་ནད་གཞིའི་རྐྱེན་ལས་བྱུང་བའམ་ཡང་ན་བླ་གཉན་གྱི་ནད་དཔེར་ན་ཁྲག་ཤེད་མཐོ་བའི་ནད་དང་། སྙིང་ཤུགས་ཉམས་རྒུད། མཁལ་མའི་ནུས་པ་ཉམས་པ་དང་ལུས་པོ་ཡོངས་སུ་སྐྲངས་སྦོས་ཆེ་བ།ཐ་ན་གློ་བའི་ཆུ་སྐྲངས་སོགས་མཐོང་རྒྱུ་མང་ཙམ་ཡོད་པས་སྨན་བཅོས་ཐད་ལའང་ནད་གཞིའི་གཙོ་གནད་བཟུང་སྟེ་འབྲེལ་ཡོད་ཀྱི་བོད་ཕྱི་ཟུང་འབྲེལ་གྱི་ཐོག་ནས་སྨན་བཅོས་བྱས་པ་ན་ནུས་པ་མགྱོགས་ཙམ་ཐོན་པ་ཡོད། མཇུག་ཏུ་སྤྱིར་མཁལ་མའི་ས་ཆུའི་རང་བཞིན་ཅན་གྲང་བའི་རྟེན་ཡིན་པས་མཁལ་མའི་ནད་ཚ་བ་ཡིན་ཡང་སྨན་དང་ཟས་སྤྱོད་སོགས་བསིལ་བ་ཁོ་ན་བསྟེན་མི་རུང་། དྲོད་སྨན་ལ་སོགས་པ་བསྟེན་དྲགས་ནའང་ནད་དྲག་སྐྱེད་འབྱུང་དཀའ་བས་ཤིན་ཏུ་དོ་སྣང་བྱེད་དགོས་པའོ། །  

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1