གློག་བརྡ།

སོག་རུ་ཀརྨ་ཀུན་ཁྱབ། (ལྷ་ས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-31


འབྲོག་ཐང་གི་མཚན་མོ་ནི་ཝ་མོའི་བརྒྱལ་སྐད་དང་སྒོ་ཁྱིའི་ཟུག་སྐད་རེ་ཟུང་ཙམ་ལས། ཁུ་སིམ་པའི་ཁོར་ཡུག་ཅིག་རེད། མུན་ནག་གི་ཁྲོད་དུ་ང་རང་གློག་གཞུ་ཞིག་ལག་ལ་ཐོགས་ནས་ལྷས་མཐའ་རུ་ཉལ་བར་འགྲོ་སྐབས། ཉེ་མ་རིང་གི་མུན་ནག་ཁྲོད་ནས་གློག་གཞུའི་འོད་སྣང་ཞིག་སྐྱ་ཐལ་ལེར་འཕྲོས་འདུག བསམ་གཟས་ནས་གློག་འོད་དེའི་ཕྱོགས་སུ་ངས་ལག་ཏུ་ཐོགས་པའི་གློག་གཞུ་དེས་གློག་བརྡ་འགའ་འཕངས་པའི་མོད་ལ། མུན་ནག་ཁྲོད་ཀྱི་གློག་གཞུ་དེས་ཀྱང་འོད་ཚུམ་ཚུམ་གྱིས་གློག་བརྡ་འཕངས་བྱུང་། གློག་བརྡ་དེ་ནི་ད་བྱས་དུས་འབུམ་ཆུང་ཚང་ནས་ཡིན་པ་ཤེས། གློག་བརྡའི་ཁྲོད་ནས་དེ་རིང་གི་འདས་དོན་ཞིག་ཡིད་ལ་ལྷང་ངེར་འཁོར།

ཞོགས་པ་ང་རང་སྔོ་ལྗང་གཡུ་ལོ་བཀོད་པའི་སྤང་གཞོང་དེའི་འདབས་ནས་ངེད་ཚང་གི་ལུག་རྣམས་དེད་ནས་འགྲོ་སྐབས། ལུང་པའི་ཞོལ་ན་ཕོ་གཞོན་ཞིག་ལུག་རྫིར་འགྲོ་བཞིན་འདུག་ཅིང་། ཁོས་མཐའ་ཤན་ནག་པོ་བརྒྱབ་པའི་པགས་ཚགས་རི་མོ་ཅན་ཞིག་གྱོན། ལག་མགོ་གཡོན་པར་རྩིད་པའི་བན་རྩི[བན་རྩི་ནི་ཁུལ་རྩིད་ཡོག་བདེའི་ཆེད་དུ་སྔོན་ལ་ལེགས་པར་གསེད་གྲུབ་རྗེས་ཁུལ་རྩིད་ཕྲ་སྦོམ་མཛུབ་མོ་ཙམ་ལ་སྒྲིམ་ལྷོབ་ཙམ་ཞིག་བརྒྱབ་ནས་ལག་མགོར་བསྐོན་རྒྱུ་ཡོད་པའི་གྲུ་གུ་སྒོར་སྒོར་ཞིག་རྒྱག་སྲོལ་ཡོདཔ་དེར་བན་རྩི་ཟེར།]ཆེན་པོ་ཞིག་བསྐོན། ལག་མགོ་གཡས་པས་རྩིད་པ་རིང་གསེད་དང་ཐུང་གསེད་བྱེད་ཞོར་ལ་ཀུ་རུ་ནག་པོ་དེ་བསྐོར་བཞིན་ག་ལེར་འགྲོ་འདུག ངས་འུར་ཚགས་ཆུང་ཆུང་ཞིག་བརྡབ་པས་ཁོ་རང་གློ་འདྲོག་ཤིག་བྱས་པའི་མོད་ལ་མགྲིན་པ་གཟེངས་སུ་བཏེགས་ནས་ལ་གླུ་ཞིག་བླངས་བྱུང་། སྨན་བུ་མོ་རྒྱ་གཡུ་དྲུག་དཀར་རེད། །སྟག་ཤར་བ་སྟོང་སྐུད་དགུ་སྒྲིལ་རེད། །གཡུ་དྲུག་དཀར་མིག་མེད་མིན་བཏང་ན། །སྟོང་སྐུད་དགུ་སྒྲིལ་གར་རྒྱུས་རེད། །ཟེར། ངས་དེ་མུར། ཁྱེད་རྟ་མེད་རྐང་ཐང་ཡིན་ཟེར་ན། །ངས་འདོ་ལུའི་ཕོངས་ལ་འཇོག་ཙམ་བྱེད། །ཁྱེད་གོས་མེད་སྐྱ་རིལ་ཡིན་ཟེར་ན། །ངས་ཚར་དཀར་ཐུ་སྣེ་འཇོག་ཙམ་བྱེད། །……

དེ་ལྟར་ངེད་གཉིས་ཀྱིས་ལ་གླུ་རིང་ཐུང་སྣ་ཚོགས་ལེན་རེས་བྱེད་ཅིང་མེ་ཏོག་ཞལ་ཁ་ཕྱེས་པ་ལྟ་བུའི་ལུང་པ་དེའི་ནང་དུ་འཛུལ།

ཁོའི་མིང་ལ་འཇིགས་བྱེད་ཟེར་ཞིང་། འབུམ་ཆུང་ཚང་གི་བུ་བར་མ་དེ་རེད། ཁོའི་བྱ་རྒྱལ་གྱི་གཤོག་པ་རྒྱང་འདྲའི་སྨིན་མ་དང་། དེའི་འོག་ནས་ག་དུས་ཡིན་ནའང་ཟིམ་ཟིམ་དུ་གཡོ་བའི་མིག་ཟུང་དེས་ང་ལ་བརྗོད་མི་ཤེས་པའི་བག་ཆགས་ཤིག་བཞག ད་ལྟ་རྒྱང་རིང་ནས་འཕྲོ་བའི་གློག་གཞུའི་འོད་མདའ་དང་ཁོའི་ཁྲ་ཧྲིག་ཧྲིག་གི་མིག་ཟུང་གཞི་གཅིག་ཏུ་མཚུངས་པའི་སྣང་བ་ཞིག་སྦྱིན། མིག་མདུན་གྱི་མཛུབ་མོ་ལྔ་པོའང་མཐོང་དཀའ་བའི་མུན་ནག་གི་ཀློང་དེ་ནས་གློག་འོད་དེ་ཁོ་ན་དྲོད་སྐྱིད་དུ་ཚོར་ཞིང་།ངའི་སེམས་ལ་ལྷང་ངེར་ཟུག གློག་འོད་དེར་སྨྲ་བསམ་བརྗོད་འདས་ཀྱི་འཐེན་ཤུགས་ཤིག་མཆིས།

ཚུར་ལ། འོད་ཚུམ་ཚུམ། འོད་ཚུམ་ཚུམ།

ངས་ཀྱང་། ཕར་ལ་འོད་ཚུམ་ཚུམ། འོད་ཚུམ་ཚུམ།

དེ་ལྟར་དུས་ཚོད་ཇི་ཙམ་སོང་བ་མ་ཤེས་པའི་མོད། བུ་མོ་ཚེ་སྐྱིད། ཁྱོད་ད་དུང་མི་ཉལ་བ་ཅི་ཡིན། སུ་ལ་གློག་བརྡ་རྒྱག་གིན་ཡོད། འབུམ་ཆུང་ཚང་ལ་གློག་བརྡ་བརྒྱབ་ན་ཁ་ལས་སྣ་ཆེ་བ་མི་བཟོ་བའི་ངེས་པ་མེད། ལ་འུར་ཉལ་དུ་སོང་།

ཨ་མའི་སྐད་ཆ་དེས། ང་རང་སྣང་བ་རྦད་དེ་གཞན་དུ་གཡེང་ཟིན་པ་ཚོར་བྱུང་ལ། གློག་བརྡ་རྒྱག་རེས་བྱས་ནས་དུས་ཡུན་རིང་པོ་སོང་བའང་གཞི་ནས་ཚོར་དེ་ཉལ་དུ་ཕྱིན། ཉལ་ས་རུ་ངས་གློག་བརྡ་རྒྱག་མཁན་དེ་འཇིགས་བྱེད་ཡིན་ནམ། ཁོ་ཚང་གི་ལུག་ཁྱུ་རྣམས་ལྡད་ཡོམ་ཤིག་གེར་ཉལ་བའི་ལྷས་མཐའ་ནས་འཇིགས་བྱེད་པགས་ཚགས་མཐུག་པོ་དེ་རིང་མ་ཐུང་གྱོན་པ་དང་སྐེད་རགས་ཁྲ་ཁྲ་དེ་ལྷག་མ་ལྷུག་ཏུ་བཅིངས་ནས་ཡོང་བཞིན་ཡོད་དམ། ཁོས་གློག་བརྡ་རྒྱག་དོན་ནི་ངས་གསལ་པོར་རྟོགས་བྱུང་ལ། དྲང་པོར་བཤད་ན་སུས་ཀྱང་གསལ་བོར་རྟོགས་ངེས། ལ་གླུ་དེའི་ནང་དོན་དང་། ཁྲ་ཧྲིག་ཧྲིག་གི་མིག་ཟུང་དེའི་ལྟ་སྟངས་ལ་བལྟས་ན་ཁོ་རང་ང་ལ་སེམས་པ་ཤོར་ཡོད་ཚོད་རེད། ཁོ་རང་ང་ཚོའི་སྒོ་ཁྱི་རྒྱ་སྟག་ངར་མ་འདྲ་བོ་དེ་གཉིས་ཀྱི་གནོད་འཚེ་འཕྲད་མི་ཡོང་ངམ། ཕལ་ཆེར་སྔོན་ཚུད་ནས་ཤ་རྡོག་དང་སྤགས་རྡག་གྲ་སྒྲིག་བྱས་ཡོད་ཤག་རེད། དེ་ལྟར་བསམ་གཞིགས་སྣ་ཚོགས་ཀྱི་ཀློང་ནས་གཉིད་དུ་ཇི་ལྟར་ཡུར་བའང་མ་ཚོར། གཉིད་ལམ་ནང་། དེ་ཉིན་ང་རང་ལྗང་ལྡེམ་ལྡེམ་གྱི་སྤང་གཞོང་ཞིག་ཏུ་ལུག་ཁྱུ་གཟན་ལ་བཀྲམ་ནས་ཨུག་ཆོས་དང་། སེར་ཆེན་མེ་ཏོག་སོགས་མེ་ཏོག་དཀར་དམར་སྣ་ཚོགས་འཐུ་བཞིན་སྡོད་སྐབས། འཇིགས་བྱེད་ཀྱིས་རྟ་སྔོན་པོ་གཡུ་འབྲུག་འདྲ་བ་ཞིག་ལ་བཞོན། གོས་ཆེན་སྔོ་ཁྲའི་ཚར་ཚགས་ཤིག་གྱོན། སྐེད་རགས་ཁྲ་ཁྲ་དེའི་སྣེ་མོ་གཉིས་མདུན་ཐད་ནས་རིང་མ་ཐུང་དུ་དཔྱངས། ཁྲ་ཧྲིག་ཧྲིག་གི་མིག་གཉིས་ཟིམ་ཟིམ་དུ་ལྟ་བཞིན་ངའི་ཐད་དུ་སླེབས་བྱུང་། མ་སླེབས་ཙམ་ལ། ངས། གོས་གྱོན་ན་རྒྱལ་རྩེའི་སྤུ་ཕྲུགས་གྱོན། ཆུ་ཆར་པ་གཉིས་ལ་བྱང་མ་རེད། རྟ་བཞོན་ན་གྱི་ལིང་རྐྱང་པོ་བཞོན། འགྲོས་གོམ་པ་གཉིས་ལ་བྱང་མ་རེད། རོགས་མཐུན་ན་མ་བཟང་བུ་མོ་མཐུན། མཛངས་ལས་ཀ་གཉིས་ལ་བྱང་མ་རེད། ཅེས་བླངས་པས། ཁོས་རྟ་སྔོན་པོ་གཡུ་འབྲུག་འདྲ་བ་དེ་ལས་བབས་ནས་ཚུར་ཡོང་སྟེ། སེམས་གངས་དཀར་དེ་ཡི་གཡས་ཕྱོགས་ནས། རོགས་གངས་རི་འདྲ་ཞིག་མཐུན་རྒྱུ་འདུག ཁྲེལ་གངས་ཐིག་འདྲ་ཞིག་ལོས་ཡོད་རེད། སེམས་གོང་སྨུག་དེ་ཡི་གཡོན་ཕྱོགས་ནས། རོགས་རྨ་བྱ་འདྲ་ཞིག་མཐུན་རྒྱུ་འདུག ཁྲེལ་སྒྲོ་མདོངས་འདྲ་ཞིག་ལོས་ཡོད་རེད།

ཟེར་བཞིན་ང་དང་ཉེ་བར་བཅར་བྱུང་། ངས་བཏུས་ཟིན་པའི་མེ་ཏོག་དེ་དག་ཁོ་ལ་གཏོར་བཞིན་འབྲོས་རྩིས་བྱེད་པའི་ཁུལ་བྱས། ཁོས་ངའི་ཕུ་ཐུང་གི་སྣེ་ནས་བཟུང་སྟེ། ཚུར་འཐེན་ནས་པང་དུ་བཏབ།

ཕྱི་ཉིན་མལ་ནས་ལངས་དུས་སེམས་པ་དགའ་ལྷང་ལྷང་དང་། གོམ་ཁ་སྔར་བས་ཇེ་མགྱོགས་ཀྱི་སྣང་བ་སྦྱིན་བྱུང་། དེ་དག་བརྩེ་དུང་ཞེས་པ་དེའི་སྟོབས་ཤུགས་ཡིན་ནམ། ལུག་ཁྱུ་དེད་དེ་སླར་ཡང་འབུམ་ཆུང་ཚང་གི་ཐག་ཉེ་ས་ཞིག་ནས་བཤར་ཞིང་། འབུམ་ཆུང་ཚང་གི་ཕྱོགས་སུ་མིག་རྒྱང་ལན་མང་བྱས། འབུམ་ཆུང་ཚང་གི་སྦྲ་ནག་པོ་དེ་ཕོ་རོག་ས་ལ་འབབ་པ་ལྟར་གནས་པའི་ཞོལ་ན་ཞོགས་གཡས་ལ་ནོར་ལྷས་དང་ཞོགས་གཡོན་ལ་ལུག་ལྷས་གཉིས་སྨུག་འཁྱིལ་ལེར་མངོན་བྱུང་། ངས་གོམ་པ་དལ་བོར་སྤོ་བཞིན་སྦྲ་ནག་པོ་དེའི་ཉེ་མ་འགྱང་གང་རུང་ཞིག་ནས་འཇིགས་བྱེད་ཀྱིས་ཁོ་ཚང་གི་ལུག་ཁྱུ་དེ་དེད་ནས་ཐོན་ཡོང་པར་སྒུག སྒུག་རིམ་བཞིན་སྔར་བྱུང་མྱོང་མེད་པའི་སྔངས་འཚབ་ཤིག་སྐྱེས། སྔངས་འཚབ་དེ་ནི་ང་ལ་མཚོན་ན་དགའ་བདེའི་ལོངས་སྤྱོད་ཅིག་ཀྱང་རེད།

ཡིན་ནའང་། དེ་རིང་འཇིགས་བྱེད་ཀྱི་གྲིབ་གཟུགས་ཙམ་ཡང་མཐོང་རྒྱུ་མི་འདུག་ལ། ཁོ་ཚང་གི་ལུག་ཁྱུའང་མཐོང་རྒྱུ་མི་འདུག དེ་ནི་གཅིག་བྱས་ན་སྔ་མོ་ནས་ས་ཆ་གཞན་ཞིག་ཏུ་ལུག་ཁྱུ་གཟན་ལ་བཀྲམ་ཟིན་ནའང་ཆོག ཕྱི་དྲོའི་དུས་ལ་སྔངས་འཚབ་ནས་སེམས་ཁྲལ་དུ་གྱུར་སོང་། གལ་ཏེ། ལུང་པ་ཕ་གིའི་ནང་འཇིགས་བྱེད་ལུག་འཚོ་བར་སོང་ཚེ། བུ་མོ་དེ་དང་ཐུག་ཡོད་ནའང་ཆོག གལ་ཏེ། ཁོ་གཉིས་ཐུག་ཚེ། ……

ས་རུབ་ཙམ་ནས་ངས་འཇིགས་བྱེད་ཀྱི་གློག་བརྡ་བརྒྱབ་ཡོང་མིན་ལ་ཡིད་འཇོག་བྱས་པ་ཡིན། ངོ་མ། འབུམ་ཆུང་ཚང་གི་ཐད་ནས། གློག་འོད་ཅིག་སྐྱ་ཐལ་ལེར་མངོན་བྱུང་། ངས་གློག་གཞུའི་འོད་མདངས་ཀྱང་རང་དབང་མེད་པར་དེ་ཕྱོགས་སུ་ཤོར་སོང་།

“འོད་ཚུམ་ཚུམ། འོད་ཚུམ་ཚུམ།”ཁྱེད་རང་དེ་རིང་ལུག་གང་དུ་འཚོས་པ་ཡིན་ནམ། འབུམ་ཆུང་གི་སྦྲ་སྒོའི་ཐད་ཀྱི་གློག་བརྡ་དཀར་པོ་དེས་ཀྱང་། “འོད་ཚུམ་ཚུམ། འོད་ཚུམ་ཚུམ་ཚུམ”བྱེད་འདུག་པ་ནི་ང་དེ་རིང་ལུག་རྫིར་ཕྱིན་མེད། སང་ཉིན་ལུག་རྫི་ཡིན། ང་གཉིས་འཕྲད་ཆོག་ཟེར་བ་འདྲ། དེ་ལྟར་འཇིགས་བྱེད་ནས་གློག་བརྡ་ཆད་མེད་བརྒྱབ་བྱུང་ལ། གློག་བརྡའི་མྱུར་ཚད་ཀྱང་ཇེ་མགྱོགས་སུ་འགྲོ་བཞིན་འདུག་པས། ངའི་དྲོད་འཁོལ་ཇེ་ཟབ་ཏུ་འགྲོ་བཞིན་འདུག་ལ། གློག་བརྡའི་བརྒྱུད་ནས་རང་ཉིད་ཀྱི་བརྩེ་དུང་གང་ཡོད་མཚོན་པར་བྱས། འཇིགས་བྱེད་ཀྱི་གློག་བརྡ་ཛ་ཇེ་དྲག་ཏུ་སོང་བ་དང་མཉམ་དུ་ཐག་ཀྱང་ཇེ་ཉེར་འགྲོ་བའི་སྣང་བ་ཞིག་སྟེར།

འཆལ་མོ་ཁྱོད་འུ་ཚང་གི་དགྲ་ཡ་ལ་གློག་བརྡ་བརྒྱབ་ནས་ཅི་བྱེད་རྩིས་ཡོད། ངར་ཤུགས་ཆེ་བའི་སྐད་སྒྲ་དེས་ང་རང་ད་དུང་འབུམ་ཆུང་ཚང་གི་ཐད་དུ་གློག་བརྡ་རྒྱག་བཞིན་ཡོད་པ་ཚོར་བྱུང་ལ། ཨ་ཕ་རབ་ཏུ་ཁྲོས་ནས་ཤོར་ཡོང་བའང་ཤེས་སོང་།

ཀི་ཧི་ཧི། ཉི་མ་གཅིག་མིན་གཉིས་མིན། ང་ལ་གློག་བརྡ་བརྒྱབ། བོས་ལེའི་དགྲ་བོ་སྒོ་ཁར་སླེབས་ཡོད། དགྲ་འདུལ་ཚང་ཕོ་ཟད་མོ་ལ་ཐུག་མེད་ན་ཐོན་ཤོག ཕོ་སུ་རེད་དང་གྲི་སུ་རྣོ་དེ་རིང་ལྟ། གློག་བརྡ་རྒྱག་མཁན་དེ་ང་ཚོའི་སྦྲ་འདབས་སུ་ཐོན་འདུག་ཅིང་། ངའི་གློག་གཞུའི་འོད་ངོགས་ནས་ཐོག་མར་གྲིབ་གཟུགས་རིང་པོ་ཞིག་ཐོན་བྱུང་། གྲིབ་གཟུགས་དེ་ནི་པགས་ཚགས་རྙིང་སོང་ཞིག་གྱོན། སྐྱ་ཕྱེད་སྔོ་ཕྱེད་དུ་གྱུར་བའི་སྐྲ་ལོ་དེར་འཛར་ལོ་དམར་པོ་ཆུང་ཆུང་ཞིག་དཀྲིས་འདུག་པས་འཇིགས་སྐྲག་སྐྱེ་དགོས་པ་གང་ཡང་མི་འདུག་མོད། ལག་གཡས་པར་ཐོགས་པའི་གྲི་རིང་དེ་གློག་གཞུའི་འོད་ངོགས་ནས་གྲི་སོ་ལས་དངོ་འོད་ཆེམ་ཆེམ་འཕྲོ་བཞིན་འདུག ཨ་ཕ་དང་ཁོ་གཉིས་གྲི་འཛིང་བྱེད་པའི་ངར་སྒྲ་དང་། ཨ་མ་ཡིས་བར་འདུམ་བྱེད་པའི་ངུ་སྒྲའི་ཁྲོད་ནས་ང་རང་གོ་མེད་ཚོར་མེད་དུ་ཧྲེང་ངེར་ལུས། འོན་ཀྱང་ལག་ནང་གི་གློག་གཞུའི་གློག་བརྡ་ད་དུང་བར་མེད་རྒྱག་བཞིན་ཡོད་པ་འདྲ། དར་ཅིག་ནས་ངའི་ཤེས་པ་རང་སོར་ཆུད་སྐབས། འབུམ་ཆུང་གིས་གློག་བརྡའི་ལག་གཡུག་རྒྱག་བཞིན། བོས་ལེའི་དགྲ་བོ་ཡོང་ལེ་ཡིན། དགྲ་འདུལ་ཟེར་ལེའི་མགོ་སེ་ཁྱོད། དར་དམར་ཕྱེད་གཤགས་བཏང་བཏང་བྱས་ཡོད། ད་དུང་དགྲ་འདུལ་ཚང་ལ་དྭ་ཕྲུག་ཅོ་ཐོ་ཅན་རེ་ཟུང་ཡོད་རབས་ཡོད་པས། ཕ་བསད་ར་མདའ་ཡོང་ཕོད་ན་རྗེས་ལ་ག་ལེར་ཤོག ཟེར་བཞིན་འབུད་འགྲོ་འདུག་ལ། ཨ་མ་ནི་ཁྲག་དྲོན་ཁྲོད་དུ་འགྱེལ་བའི་ཨ་ཕར་འཐམ་བཞིན་ངུ་ངག་གིས་གླེན་མ་མོ་རེ། ད་དུང་གློག་བརྡ་འཕངས་ནས་ཅི་བྱེད་རྩིས་ཡོད་དམ། ནར་མ་སོན་པའི་མིང་པོ་ཆུང་ཆུང་དེ་ཚོའང་དགྲ་ལག་ལ་སྐྱེལ་རྩིས་ཡིན་ནམ།

དེ་ལྟར་མུན་ནག་གི་ཁོར་ཡུག་དེ་ནས། བསམ་ཡུལ་འདས་པའི་དོན་རྐྱེན་དེ་དག་ཡང་སྙིང་རྨི་ལམ་ཡིན་ནམ་མངོན་སུམ་ཡིན་ཐེ་ཚོམ་གྱི་ཀློང་དུ་གྱུར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1