ཨ་ཕ།

སྐལ་བཟང་འགྱུར་མེད་ཀྱིས་བརྩམས། ཆོས་གྲགས་ཀྱིས་བསྒྱུར། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-31


ཨ་ཕ་ལགས་ཇག་ལ་ཞུགས་པའི་སྐབས་དེར་རྔམ་བརྗིད་ལྡན་པའི་བྱད་གཟུགས་ཡོད་ལ། ངེད་ཚང་གི་འཁོར་བའི་མཐུན་རྐྱེན་ཡང་ཕུན་སུམ་ཚོགས་པ་འཛོམས། གནའ་རྫས་དང་འཇིག་རྟེན་འདིར་མཐོང་བ་དཀོན་པའི་རྒྱུ་དངོས་སྣ་ཚོགས་ཡོད། འོན་ཀྱང་། ཉིན་ཞིག་ལ་ཕ་ལགས་ཀྱིས་ཕོ་སར་ཞིག་རི་རྒྱབ་ལ་བསྐྱལ་ནས་ཕྱིར་ལོག་རྗེས། ངུ་ཤུམ་ཆེན་པོས་ད་ནས་བཟུང་སྟེ་ཕྱི་ནས་འཕྲོག་བཅོམ་མི་བྱ་ཞེས་དམ་བཅའ་བཞག

མི་དེ་ནི་དཔའ་ཉམས་དོད་པའི་ཁམས་པའི་ཕོ་རྒོད་ཅིག་རེད་ལ། ཕ་ལགས་ཀྱིས་ཨུ་ཚུགས་ཀྱིས་རི་རྒྱབ་ལ་བསྐྱལ་བ་རེད།

ཕ་ལགས་ཀྱིས། ནགས་ཚལ་དུ་ལམ་ཀྱོག་མང་བའི་ཁར་ལམ་ནོར་སྲིད་པས་ངས་ཁྱེད་རང་རི་རྒྱབ་ལ་སྐྱེལ་རྒྱུ་ཡིན་ཞེས་ཟེར་བར། གཟུགས་གཞི་སྟོབས་པའི་གསར་རྒོད་དེའི་གདོང་ལ་འཛུམ་ཞིག་ཤར་ནས། སེམས་འགུལ་ཐེབས་བཞིན་མགོ་བོ་གུག་ཙམ་བྱས།

ཨ་མ་ཡིས་ཨ་ཕ་ལ་སེམས་གསོ་གནང་ཞོར་དུ་ཡང་སྙིང་དོན་དག་ཅི་ཞིག་བྱུང་བ་རེད་ཅེས་དྲིས།

ཕ་ལགས་ཀྱིས་ངུ་ངག་དང་བཅས་ཇག་ཚོགས་ཤིག་གིས་ངེད་གཉིས་ལ་འཇབ་རྒོལ་བྱས་པས་ཕོ་སར་དེའི་ཚེ་སྲོག་རྐྱེན་ལམ་དུ་ཤོར་སོང་། ངས་རི་མགོ་ནས་ལྟ་དུས། ཇག་ཚོགས་ཀྱིས་ཕོ་སར་དེའི་རྐང་ལག་སོ་སོར་གསོན་བཅད་བྱས་ཏེ་ནགས་གསེབ་དུ་གཡུགས་ནས་གདུག་སྤྱོད་དྲག་པོ་བཏང་། ཕོ་སར་གྱི་བཞོན་རྟ་གཡང་གཟར་བྲག་ལ་ལྷུང་ནས་ཤི་ཡང་། ང་ནི་རྟ་ཡི་སྒལ་གཞུང་གི་དྲིན་གྱིས་མདེའུ་ཆར་པ་འབབ་འབབ་ལས་ཐར་སོང་ཞེས་བཤད།

ཨ་ཕ་ལགས་སེམས་སྡུག་གིས་མནར་བའི་ཉིན་ཞག་དེ་དག་ཁེར་རྐྱང་དང་སྐྱོ་གདུང་གི་ཁྲོད་ནས་རྫོགས་རྗེས་། མི་ཕལ་བའི་ལྷིང་འཇགས་ཀྱི་འཚོ་བར་ཞུགས།

ཨ་ཕ་ལགས་དགུང་ལོ་དགུ་བཅུ་ཟིན་རྗེས་ཚེ་ལས་འདས་པ་རེད། ཁོང་ཉིད་གཤེགས་ཁར་ཁོ་བོའི་ལག་ཟུང་ལ་དམ་པོར་འཇུས་ནས། ཁྱོད་ཀྱིས་ང་རང་གུ་ཡངས་སུ་གཏོང་ངམ་ཞེས་ཟེར།

དོན་དག་ཅི་ཞིག་རེད།

ཕ་ལགས་ཀྱིས། ཐོག་མར་ཁྱོད་ཀྱིས་བདག་ལ་ཁས་ལེན་བྱོས། ངས་འགྱོད་བཤགས་བྱ་རྒྱུ་ཡིན་ཞེས་ཟེར།

ལུས་ཟུངས་ཞན་ཞིང་མིག་རུས་གདིང་ལ་ལྷུང་བའི་སྐྱོ་ཉམས་དང་། མཐོང་བྱེད་རྒྱལ་མོའི་འོད་མདངས་ཡལ་བའི་ཕ་ལགས་ཀྱི་རྣམ་པ་དེ་མཐོང་དུས་ང་ཅི་བྱ་བརྟོལ་མེད་དུ་གྱུར། ཁྱད་པར་དུ་ཁོང་ཉིད་ཚེ་མཇུག་གི་འགྲོ་ལམ་དང་ཐག་ཉེ་བའི་དུས་སུ། ངས་རང་དབང་མེད་པར་མགོ་བོ་གུག་ཙམ་བྱས་པ་ཡིན།

ཕ་ལགས་ཀྱིས། ཕོ་སར་དེ་ངས་བསད་པ་ཡིན་ཞེས་བཤད་མ་ཐག་ཏུ། མིག་མཐའ་ནས་མིག་ཆུ་ཤར་མར་འཁྱིལ།

རྒྱུ་མཚན་ཅི་རེད།

གནམ་རྡིབ་པ་ལྟར་། ཨ་ཕ་ལགས་སྤྲིན་པའི་བང་རིམ་བརྟོལ་ནས་འདམ་རྫབ་ཏུ་ལྷུང་།

ཕ་ལགས་ཡུན་ཙམ་འཇམ་མོག་གེར་བསྡད་རྗེས། རྒྱུ་མཚན་བཤད་རྒྱུ་མེད། གཅིག་བྱས་ན་ཁོ་དཔའ་མཛངས་ལྡན་པས་རེད་ཟེར།

ཨྰ་་་་་་་་

ཨ་ཕ་ལགས་ཀྱིས་ཁོ་རང་ནི་གློ་བུར་དུ་ཤི་བས་སྡུག་བསྔལ་མྱོང་མ་དགོས་པ་རེད། ངས་ཁོ་ལ་ཁྱེད་ཀྱིས་ལྟོས་དང་། ཕ་གི་ན་ཤྭ་བ་ཞིག་འདུག་ཟེར་རྗེས། ཁོས་དེའི་ཕྱོགས་སུ་བལྟས་སོང་། དེ་ནས་ངས་ཁོའི་ལྟག་རྒྱབ་ལ་མེ་བདའ་བརྒྱབ་པ་ཡིན་ཞེས་ཟེར།

ཕ་ལགས་ཀྱིས་མིག་གཉིས་བཙུམས་རྗེས། མིད་ཐག་ནས་ཀི་ཞེས་པའི་སྒྲ་ཞིག་་གྲག་པ་དང་བསྟུན་ནས། ཚེ་མཇུག་གི་དབུགས་རྒྱུན་བྱང་ཁོག་སྟོད་དུ་བསྡུས་སོང་། འཇིག་རྟེན་འཁོར་བ་ནང་གི་དབུགས་དེ་ཆད་སོང་།

ཕ་ལགས་ཀྱི་ཕུང་པོ་དུར་འཇུག་བྱས་ཚར་རྗེས། ངས་ཕ་དྲིན་ཆེན་གྱི་སྲོག་རྟེན་ལྟ་བུའི་ཁྲ་རིང་མེ་མདའ་ཕྲག་ལ་ཁུར་ནས་ཇག་པའི་འཚོ་བར་ཞུགས་ནས་ད་ལྟའི་བར་ཡིན། ད་ནི་ང་རང་ཡང་མི་ཡུལ་དུ་རྒས་ཤིང་འཆི་བ་ལས་ཕ་ཡུལ་དུ་ལོག་ཐབས་མི་འདུག

ཨ་ཕ་ལགས་ཀྱིས་ངའི་མི་ཚེ་བརླགས་པ་རེད་འདུག

ཡིན་ན་ཡང་། ཨ་མ་ཁོ་ནས་ཕ་ལགས་ནི་དཔའ་བོ་ལྟ་བུར་བརྩིས་ཏེ། སྒྱུ་མ་ལྟ་བུའི་འཇིག་རྟེན་དུ་བག་ལྷོད་པོའི་སྒོ་ནས་མི་ཚེའི་མཐའ་འཁྱོངས་སོ།།


རྩོམ་ཡིག་སྔོན་མ།
གློག་བརྡ།
རྩོམ་ཡིག་རྗེས་མ།
རྒྱུན་ལྡན་གྱི་ཉིན་མོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1