ལབ་རྡོལ་སུམ་ཅུ་པ།

བསམ་ཤོད་པ་དཀོན་ཅོག་ཡོན་ཏན། (ལྷ་ས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-31


ཀ་ཅི་དཀར་པོའི་རྒྱ་ཤོག་ངོས་ཡངས་དབུས། །ཀ་རུའི་མདངས་ལྡན་ལབ་རྡོལ་སུམ་ཅུ་པ། །


 ཀ་ཕྲེང་ལམ་ནས་བསམ་ཤོད་མིང་ཅན་ཁོས། །ཀ་བེ་ཀོ་བེར་སྨྲས་པ་ཅུང་ཟད་གསོན། །


 ཁ་ཞེས་བྱ་བར་བྱེད་ལས་རྣམ་གཉིས་ཏེ། །ཁ་ནི་སྨྲ་བའི་སྒོ་དང་ཟ་བྱེད་ཁ། །


 ཁ་ནས་ཐོན་ཚད་སྨྲས་ན་རང་གཞན་བརླགས། །ཁ་ལ་རག་ཚད་ཟོས་ན་འདུ་བ་འཁྲུགས། །


 ག་པུར་འཛིན་པ་འོད་དཀར་བྱུང་གནས་ཀྱང་། །ག་ལོག་ཆེ་ན་སྒྲ་གཅན་གཟའ་ཡིས་འཛིན། །


 ག་དོར་གསུམ་ཞེས་རྩ་ཆེའི་སྨན་རྒྱུ་ཡང་། །ག་འདོད་བཅད་ན་འབྱུང་ཁུངས་བརླག་སྟོར་ཉེན། །


 ང་ཡིག་དང་ཐོག་མདའ་ལྟར་འདྲོང་མོད་ཀྱི། །ང་ཆེ་ང་བཙན་ཆེ་བས་གཞུ་བཞིན་འཁྱོག །


 ང་ཞེས་སྒལ་པ་ལེབ་ལེབ་ཚ་དྲགས་ན། །ང་ལན་ཁྱོད་ལན་ཁྲིམས་སར་ཐུག་དུས་འགྱོད། །


 ཅ་ཅོ་ལབ་གླེང་མ་མང་ཕ་བཟང་བུ། །ཅ་རེ་ཉ་རེར་ནོར་འཁྲུལ་ཤོར་ཉེན་ཆེ། །


 ཅ་གས་བསྐྱངས་པའི་མི་ལུས་འདོམ་གང་ཡང་། །ཅ་ཅོ་བྱེད་པོ་མང་ན་བརླག་པའི་རྒྱུ། །


 ཆ་མེད་ཡུལ་ལ་རྒྱུས་མེད་མི་འཕྲད་ཚེ། །ཆ་འཇོག་མ་ཆེ་གཏན་གཏན་ཏིག་ཏིག་བྱོས། །


 ཆ་འཕྲིན་ཞེས་ཀྱང་ཐམས་ཅད་ཆ་མ་མཆིས། །ཆ་ཡོད་རྒྱུས་ཡོད་མིན་ན་མ་སྤེལ་ཨང་། །


 ཇ་དྭངས་སྤགས་རྐྱང་བོད་མིའི་ཞིམ་ཟས་ཀྱང་། །ཇ་ཁུ་གར་ན་ཁྲག་ཤེད་རྒྱས་པའི་རྒྱུ། །


 ཇ་ཆང་མཚར་གླུ་ལེན་ལེན་མང་དྲགས་ན། །ཇ་ལན་ཆུ་འཇལ་ཁ་ཐག་ཉེ་ཉེར་འགྱུར། །


 ཉ་མོ་ཆུ་དང་བྲལ་ན་འཆི་ངེས་ཤིང་། །ཉ་མ་སློབ་གནས་བྲལ་ན་བྱུར་ལམ་དངོས། །


 ཉ་ཉུང་མཉམ་བསྲེའི་བྱ་བྱེད་མང་དྲགས་ཚེ། །ཉ་བསད་ཁྱི་སྟེར་གོད་ཁ་མི་འབྱུང་གྲང་། །


 ཏ་ཐཱ་ག་ཏའི་གསུང་རབ་མི་ཤེས་ཀྱང་། །ཏ་སྒུར་དབྱེ་འབྱེད་ངེས་ཚིག་ཤེས་པ་གལ། །


 ཏ་ར་ཙེ་ཞེས་དགེ་སྡིག་ཉག་ཆུང་དེས། །ཏ་ལེར་རང་གི་བྱ་བྱེད་འདེགས་ཤེས་མཁས། །


 ཐ་རྒོད་ཞིང་ལ་ལོ་ཏོག་མི་འབྱུང་བཞིན། །ཐ་ཤལ་འགྲོགས་ན་རང་གཞན་གཉིས་ཕུང་རྒྱུ། །


 ཐ་མི་ཁ་ལ་བརྟེན་བརྟེན་མང་དྲགས་ན། །ཐ་མར་གློ་བ་གངས་དཀར་དུག་རིར་གྱུར། །


 ད་དུང་གསོན་དང་ཅུང་ཟད་ཞུ་རྒྱུ་ཡོད། །ད་མཚམས་དཔོན་གནས་ག་གེ་ཐོབ་ན་ཡང་། །


 ད་ར་ཁ་ཆེའི་དབང་གཤེད་མ་སྤངས་ཚེ། །ད་རྒན་ཕྱི་དགྱེ་ནང་གུག་ཕོག་དུས་ཕྱི། །


 ན་སོ་གཞོན་དུས་བུ་ལ་ཡོན་ཏན་སློབས། །ན་རྒས་རྫི་དིབ་དུས་སུ་འགྱོད་མེད་བྱོས། །


 ན་གཞོན་བུ་དང་བུ་མོ་དག་གིས་ཀྱང་། །ན་རྒས་ཕ་མར་བཀུར་སྟི་ཞབས་ཏོག་མཛོད། །


 པ་རི་པི་རིའི་བྱ་བྱེད་མ་སྤངས་ན། །པ་ཏོ་ལ་ཡི་མེ་ཏོག་ཤར་འཁྲུལ་ངེས། །


 པ་སངས་ཇི་ལྟའི་འཆར་སྔ་བཞུད་མགྱོགས་ལ། །པ་ཊུ་མཁས་གྲལ་ཐོབ་པ་ཉིན་མོའི་སྐར། །


 བ་གླང་རྐྱལ་འཇུག་ཇི་བཞིན་བྱིས་པ་ལ། །བ་ཤེ་གླང་འགེལ་ཡོན་ཏན་མ་སློབས་ཤིག །


 བ་བྱུང་ལྔ་ཡི་རིལ་བུ་ཐོབ་འདོད་ན། །བ་མོ་ཐབས་མཁས་གསོ་བ་མན་ངག་མཆོག །


 མ་བརྟགས་མ་དཔྱད་སྟོང་གཏམ་ཁ་པོ་ཆེ། །མ་དག་རྒྱུན་འབྱམས་ཡིག་ནོར་རྐྱལ་གོག་གང་། །


 མ་མགུ་མ་རག་ཨེ་ཡོང་མགོ་དཀར་གསུམ། །མ་རབས་ཐབས་སྡུག་དེ་གསུམ་བྲིན་མི་རྒྱུགས། །


 ཙ་འཕྲུ་བོར་བས་ཅ་ལ་འཁྲུལ་བ་བཞིན། །ཙཱ་ཏ་མ་སྨིན་སྨིན་པར་ལྟར་སྣང་ཅན། །


 ཙ་ན་ཡིན་ཡང་མི་བདེན་རྫུན་སྒྲིག་མཁན། །ཙཱ་རི་བསྐོར་ཡང་རྐང་ཆུང་ན་བའི་རྒྱུ། །


 ཚ་གི་ཚི་གིས་བསླབ་བྱ་བྱེད་འདོད་བློས། །ཚ་གྲང་གདགས་སྲིབ་རང་ངོ་མི་ཆོད་པར། །


 ཚ་གྲང་གལ་མདོས་གཞན་གྱི་དགེ་སྐྱོན་ལ། །ཚ་གཅུན་གྲང་འདོམས་བྱེད་འདི་ཡ་མ་བརླ། །


 ཛ་ལང་མི་བསྲུན་དཔའ་རྒོད་སྤྱི་བརྟོལ་ཅན། །ཛ་ཧུའི་བུ་མོ་ཧུབ་ཀྱིས་འདྲེན་འདོད་ཀྱང་། །


 ཛ་དྲག་ཐུག་དུས་སྡར་མ་ཝ་སྐྱེས་བཞིན། །ཛ་རེ་ཛོ་རེར་བྲོས་པ་ག་ཞའི་གནས། །


 ཝ་ཞེས་སྤུ་གྲ་ལེགས་པས་ཕྱི་མཛེས་ཀྱང་། །ཝ་མོ་གཡོན་ཅན་ཞེས་པའི་ནང་སེམས་དུག །


 ཝ་སྐྱེས་རྒྱལ་པོར་བཀོད་པའི་སྒྲུང་གཏམ་དེ། །ཝ་ལེར་སེམས་ལ་ངེས་ཤིག་ཕ་ཡི་བུ། །


 ཞ་བོའི་རྐང་རྟེན་འཁར་རྒྱུག་ཡོད་བཞིན་དུ། །ཞ་གི་ཞི་གིའི་གྱང་ལ་བརྟེན་ན་ཉེན། །


 ཞ་ཆག་སེམས་ཀྱི་ཉེས་སྐྱོན་སེལ་འདོད་ན། །ཞ་རེ་ཞོ་རེར་དཔེ་དེབ་ལྟོས་དང་དགེ། །


 ཟ་འོག་འདིང་གི་ཅོད་པན་ཕྱི་མཛེས་ཀྱང་། །ཟ་འདོད་ཁེ་གྲགས་དོན་གཉེར་ཟོག་པོའི་ཆོས། །


 ཟ་གྲོགས་འཐུང་རོགས་མང་ན་སྐྱིད་མོད་ཀྱང་། །ཟ་ཁ་མ་ཕྱིད་སྡུག་དུས་ཕན་རོགས་དཀོན། །


 འ་ཅག་མི་ལ་སྨྲ་བྱེད་ཁ་ཡོད་ཀྱང་། །འ་ལད་བཙོག་གཏམ་མང་ན་འཕོངས་ལས་ལོད། །


 འ་རི་འུ་རིའི་བྱ་བྱེད་ཐལ་དྲགས་ན། །འ་ཆད་འུ་ཐུག་ཡོང་ངེས་ཚད་མར་གྲུབ། །


 ཡ་ལད་གོ་ཆ་བཙན་པོ་མ་སྤྲད་པར། །ཡ་མེད་སྟག་འཛིང་གཟིག་འཛིང་ཆག་སྒོའི་རྒྱུ། །


 ཡ་རབས་བཟང་སྤྱོད་བག་ཡོད་ལྡན་འགྱུར་ན། །ཡ་སོར་ཁྲི་པ་ཡིས་ཀྱང་གུས་བཀུར་བྱེད། །


 ར་ནད་ལུག་དཀྲི་རེ་ཞིག་རྒྱལ་སྲིད་ཀྱང་། །ར་སྤྲོད་ཁུངས་གཏུགས་ཚེ་ན་ཕུ་ཐག་ཐུང་། །


 ར་རོས་ཤེས་པ་འཆོལ་བའི་བློ་ཤེད་ཀྱང་། །ར་སྤུའི་འུར་རྡོ་ར་ཕོར་རང་ཕོག་ཡིན། །


 ལ་ལ་ཟོང་གི་ཚོང་ལ་དགའ་ན་ཡང་། །ལ་རྒྱ་བྲལ་བས་ཧ་ལོག་གྱོང་གུན་ཆེ། །


 ལ་ཉག་མཛོ་གཟེངས་མ་ཤེས་ཨུ་ཚུགས་ཅན། །ལ་ལ་ཙམ་ཡིན་ཕལ་ཆེར་རྒུད་ཉེན་ཆེ། །


 ཤ་ཟ་ཁྲག་འཐུང་དམར་དད་ཆེ་ན་ཡང་། །ཤ་རིད་དབུགས་ཉམས་སྡིག་གི་རྣམ་སྨིན་ལགས། །


 ཤ་གོང་ཚིལ་རྒྱག་ཇི་ལྟར་མ་ཤེས་ན། །ཤ་ཉེའི་སྤུན་ཡང་ཤ་འཁོན་དགྲ་རུ་འགྱུར། །


 ས་རྐོ་རྡོ་སློག་བྱ་བྱེད་ཐལ་ཆེ་ན། །ས་བཀྲ་ཉམས་ཤིང་ས་བཅུད་ཤོར་ཉེན་ཆེ། །


 ས་སྐྱོང་བདག་པོ་སྲོག་ཆགས་ཀུན་ཡིན་པས། །ས་སྟེང་སེམས་ཅན་སྤྱི་མཐུན་བྱུང་ན་སྐྱིད། །


 ཧ་ཅང་ཉུང་ན་དོན་གོ་མི་གསལ་ཞིང་། །ཧ་ཅང་མང་ན་སུན་གཙེར་གྱུར་དོགས་པས། །


 ཧ་ཅང་མི་མང་མི་ཉུང་ལབ་རྡོལ་འདིར། །ཧ་ཧ་གད་མོ་ཆོར་བའི་གནས་ཤིག་ཡོད། །


 ཨ་རོགས་གྲོགས་ཀྱི་སྐུལ་ངོ་མ་ལྡོག་པས། །ཨ་ཡོད་ནང་གི་ད་ཡོད་མི་འཇོན་ཡང་། །


 ཨ་ཆད་ཨུ་ཐུག་རྒན་པོ་བསམ་ཤོད་པས། །ཨ་ཏིག་ཡང་ཏིག་འབྲི་ཁུལ་བྱས་འདི་དགེའོ། ། ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1