རྟོགས་སད་དང་རྟོག་གེ་པའི་ནད།

རྨོག་ཐང་དཀར། (དཀར་མཛེས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-31


༼༡༽ 

སོར་རྟོག་ཡེ་ཤེས་འབར་བའི་ཤེས་རབ་ཀྱི་ཐིག་ལེ།།

མཁྱེན་པའི་གཏེར་འཆང་དམར་སེར་ལི་ཁྲི་ཡི་རང་མདངས།།

 སྒྲིབ་པའི་སེང་རས་གཅོད་པའི་རལ་གྲི་དེ་གདེང་བཞིན།།

 ཆོས་རབ་རྣམ་པར་འབྱེད་པའི་མཐུ་སྟོབས་དེ་སྩོལ་ཅིག།


 འཆད་རྩོད་རྩོམ་གསུམ་མཁས་པའི་ལག་ལེན་ལ་འཇུག་ཅིང་།།

 ཐོས་བསམ་སྒོམ་གསུམ་མཛངས་པའི་ལག་རྗེས་ལ་འབད་བཞིན།།

 ལྟ་དགོངས་སྤྱོད་གསུམ་གྲུབ་པའི་རྣལ་འབྱོར་ལ་བརྩོན་ན།།

 འཇིག་རྟེན་འདི་ན་ལམ་བཟང་འདི་དག་ལས་མ་མཆིས།།


 དེ་བཞིན་སྔོན་དང་ད་ལྟའི་བཤུལ་ལམ་གྱི་ཁུག་སོར།།

 བརྒྱ་ལམ་སྟོང་ལམ་འགྲིམས་པའི་ངུར་སྨྲིག་གི་རྒྱལ་མཚན།།

 གཉིས་དོན་ཐུགས་ལ་བརྣག་པའི་མཛད་བཟང་གི་རི་མོ།།

 སུས་ཀྱང་གསུབ་ཐབས་བྲལ་བའི་རྡོ་རིང་ཞིག་ཡིན་འདུག།


 འཕགས་བོད་མཁས་གྲུབ་རྒྱ་མཚོའི་འདུ་ར་ནས་རྙེད་པའི།།


 གཞི་ལམ་འབྲས་གསུམ་གྲུབ་མཐའི་རྩ་དོན་འདིར་བསམས་ན།།


 བསྲེགས་བཅད་བརྡར་གསུམ་གསུང་རབ་ཞུན་མ་ཡི་རོ་བཅུད།།


 ད་དུང་སྐྱེ་རྒུའི་དཔལ་དུ་བཞུགས་པ་འདི་མིན་ནམ།།


 བསིལ་ལྡན་ཁ་བ་རི་པའི་སྨན་ལྗོངས་འདིར་མཚོན་ན།།


 མེ་ཏོག་མཉམ་བཞད་མཁས་བརྒྱ་འགྲན་གླེང་གི་དོ་ར།།


 རིས་མེད་བརྒལ་བརྟག་དབྱར་མཚོའི་རྦ་རླབས་དང་ལྷན་ཅིག།


 གཡུ་འབྲུག་ལྡིར་བའི་ཚུལ་ལ་སུ་ཞིག་ནི་མི་མཚར།།


 མི་ཕྱེད་དད་པའི་སྒྲོམ་བུར་ཡུན་རིང་ནས་ཉར་བའི།།


 འདི་སྣང་བྲག་ཅ་གཏོར་བའི་མཁས་པ་དང་གྲུབ་པ།།


 རྣམ་དཔྱོད་རིགས་པའི་དབལ་ཁས་གཏན་ལ་རང་ཕབ་པའི།།


 དོན་དམ་ཉམས་སུ་བསྟར་བའི་ངང་ཚུལ་ལ་སྨོན་ནོ།།


 དཔྱད་སྒོམ་འཇོག་སྒོམ་གང་མཛད་རྣམ་ཐར་གྱི་ཆེ་བ།།


 གཟུ་བོར་གནས་དང་མི་གནས་གཞུང་ལུགས་ཀྱི་ཤན་འབྱེད།།


 གྲུབ་མཐའི་ཆགས་སྡང་བསགས་མིན་འཁོར་སློབ་ལ་ལྟོས་དང་།།


 རིག་འཛིན་གོང་མའི་ཚོགས་ལ་བསྙོན་ས་ཞིག་མི་འདུག།


 རིང་བརྒྱུད་བཀའ་མའི་ཆོས་ཀྱི་བརྒྱུད་པ་ནི་ཁྱོད་གཙང་།།


 ཉེ་བརྒྱུད་གཏེར་མའི་ཆོས་སྐོར་གཏད་པ་ཡང་ཁྱོད་དག།


 ཟབ་མོ་དག་སྣང་དགོངས་པའི་དྲོད་ཐིག་ཀྱང་མངའ་བ།།


 སྔོན་བྱུང་མཁས་གྲུབ་གངས་ཀྱི་ལྷུན་པོ་བཞིན་བརྗིད་འདུག།


 རིན་ཆེན་སྲོག་དང་བསྡོས་ཏེ་བསླབ་པ་ནི་བསྲུངས་ཤིང་།།


 དབེན་གནས་ཤིང་དྲུང་འགྲིམས་པའི་སྤྱོད་པ་ཡང་དུལ་བ།།


 ཉམས་རྟོགས་གླུ་རུ་འགུག་པའི་སྡིངས་ཆ་དེ་སྐྱིད་པོ།།


 སྡོམ་གསུམ་སྡེ་སྣོད་འཛིན་པ་སྐྱེ་བོ་ཡི་ཡངས་རྩེ།།


 ཐོས་སྒོམ་གཅིག་འདྲིས་གདམས་ངག་སྙིང་ཁོང་དུ་ལེན་ཞིང་།།


 ཕྱོགས་ཞེན་ཆགས་སྡང་བྲལ་བའི་བརྒལ་བརྟག་ཀྱང་མཛད་པའི།།


 སྔ་རབས་ཕྱི་རབས་མཁས་པའི་ཁྱུ་ཚོགས་ཀྱི་སྡེ་ལ།།


 བསྟོད་བཀུར་བསྔགས་པ་མི་འབུལ་རང་དབང་ཞིག་མ་མཆིས།།



༼༢༽


 དེ་ལྟ་མོད་ཀྱང་གཞུང་ལུགས་དགའ་ཚལ་གྱི་དབུས་ན།།


 བབ་ཅོལ་སྣང་བ་མཐོ་བའི་ཆོས་དྲེད་ཀྱི་རང་རེ།།


 མདོ་སྔགས་ཟབ་མོའི་ཆོས་ལ་འཆད་ཉན་གྱི་ལས་ཀྱིས།།


 མི་ཚེའི་ཕྱེད་ཀ་རྫོགས་ཀྱང་རང་རྒྱུད་ནི་མ་ཐུལ།།


 དཔྱོད་ཤེས་མེ་སྟག་ལྡང་བའི་ཚེག་སྒྲ་དང་མཉམ་དུ།།


 རིགས་ལམ་ཐལ་སྒྲའི་བྲག་ཅ་ཡང་ཡང་དུ་འཁོར་ཡང་།།


 སེམས་དོན་རྣལ་མ་བོར་བའི་སྙིང་ནད་འདི་ལྡང་དུས།།


 དཔེ་ཐོག་བྲོ་ལྡང་འདི་ལ་གསོས་སྨན་ཞིག་དཀའ་འདུག།


 སྣ་ཚོགས་ཤེས་བྱའི་ཐང་ཆེན་བློ་གཤོག་གིས་འགྲིམས་ཉིན།།


 མང་ཐོས་བློ་རྒྱ་འབྱེད་པའི་འཆད་ཐབས་ཤིག་ལྡན་ཡང་།།


 ཐོས་དོན་སྒོམ་ལ་སྦྱར་བའི་གདམས་ངག་ལ་རེམས་དུས།།


 གླེགས་བམ་གཞུང་བརྒྱའི་ཁྲོད་ནས་ལག་སྟོང་དུ་གྱུར་འདུག།


 ཐོས་བྱུང་སྒྲོན་མེ་སྦར་བའི་འོད་སྣང་ལ་འགྲོགས་ཏེ།།


 བསམ་བྱུང་རིགས་པའི་རྣོ་ངར་དབལ་ཁ་དང་ལྡན་མོད།།


 འཁོར་འདས་འདི་ཕྱི་བརྒལ་བའི་སྒོ་ཆེན་ལ་ཐུག་ཉིན།།


 རྣམ་དག་ལམ་བཟང་འགྲིམས་པའི་ལྡེ་མིག་དེ་བོར་འདུག།


 རྙེད་དཀའ་མི་ཡི་ཚེ་ལ་ཡིད་རྟོན་ནི་བྲལ་བས།།


 ཐོས་པ་སྐམ་པོ་བསགས་ན་བག་ཆགས་ཙམ་ཡིན་སྲིད།།


 དམ་ཆོས་དྲི་བསུང་འཐུལ་བའི་མན་ངག་དང་བྲལ་ན།།


 ཐོས་དོན་རིགས་པས་བཙལ་ཀྱང་རྒྱང་རིང་ཞིག་ཡིན་སྐད།།


 གསུང་རབ་རྒྱ་མཚོའི་འཇིངས་ནས་སྐྱིད་ཉལ་ཞིག་བྱས་ཏེ།།


 འདི་ཡིན་འདི་མིན་གྲུབ་མཐའི་ཁ་ཕོ་ཙམ་ཟིན་ཡང་།།


 རང་བློ་གསལ་བའི་མེ་ལོང་ནང་སྐོར་ཞིག་མཛད་ཚེ།།


 འོ་སྐོལ་སྐྱེ་བོ་འགའ་ཞིག་ཉམ་ཐག་ཅིག་མིན་ནམ།།


 དཀའ་སྤྱད་སྙིང་རུས་ཆེན་པོས་འཆད་རྩོད་ལ་འཇུག་པའི།།


 རྣམ་དཀར་ལས་ལ་སུས་ཀྱང་བསྙོན་ཐབས་ནི་མེད་མོད།།


 གཞན་ཟེར་རྗེས་ཟློས་བྱས་ནས་མི་ཚེ་ཞིག་རྫོགས་ན།།


 སྙིང་བོ་མི་ཆེ་མི་ཆུང་རང་རང་ལ་ཐུག་འདུག།


 གལ་ཆུང་ཚིག་དོན་རྩོད་པ་རྒྱུ་སྤུན་བཞིན་འཐབས་དུས།།


 རང་གཞུང་ཕྱོགས་ཞེན་བློ་ཡིས་འཐད་སྒྲུབ་ཏུ་འཛིན་ཅིང་།།


 གཞན་གྱི་གཞུང་ལ་གུས་མེད་ཁྱབ་ལོག་རེ་བསྒྲགས་དུས།།


 གཟུ་ལུམ་སྨྲ་ལ་འཆེལ་བའི་ཨུ་ཚུགས་དེ་མངོན་འོང་།།


 ཆོས་ཀྱི་རོ་བཅུད་འཛོམས་པའི་རྩོམ་ཐབས་ནི་ཕར་ཞོག།


 སྡེབ་སྦྱོར་ཚིག་གི་དཔལ་ལ་གོ་ཐོས་ཙམ་དབེན་ཡང་།།


 གང་དྲན་སྡོམ་དང་དཔེ་ཆའི་རང་གཟུགས་སུ་བསྐྲུན་པའི།།


 དེང་དུས་སྙིགས་མའི་ཕོན་པོ་ཅི་བས་ཀྱང་བདོ་འདུག།


 དམའ་བ་ཉན་ཐོས་ལམ་གྱི་ངེས་འབྱུང་ཙམ་མེད་ན།།


 མཐོ་བ་རྫོགས་ཆེན་བཤད་ཀྱང་ནེ་ཙོ་ཡི་གཏམ་རྒྱུད།།


 རང་བློ་དཔང་དུ་བཙུགས་པའི་ཆོས་དྲེད་ཀྱི་ངང་ཚུལ།།


 བསམ་ཞིང་བསམས་ན་དུས་མཐའི་རླུང་ཡན་དང་འདྲ་བྱུང་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1