གཙང་མེ་ཏོག་ཐང་ནས་ངས་ཁྱོད་སྒུག།

གངས་རི་བ་གཙང་དཔལ། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-31


ལས་ཀྱིས་འཕྲད་པའི་སྐུ་ཕྲ་མ་སེམས་སོང་མེ་ཏོག་དཀར་པོ་ཡིན། །

ལམ་ནས་ཐུག་པའི་བརྩེ་ལྡན་མ་དགའ་བའི་སྨོན་པ་གཙང་མ་ཡིན། །

ཁྱོད་དང་འུ་གཉིས་འཛོམས་པ་དེ་སྐྱེ་བ་སྔོན་མའི་ལས་འབྲས་འདྲ། །

མཛའ་གཅིག་སྙིང་གི་དགའ་ལོ་མ་ཁྱོད་ནི་ང་ཡི་ལྷ་མོ་ཡིན། །

དུང་ཆུང་ཞལ་གྱི་པདྨོ་ལས་ང་ལ་ཆེད་དུ་འབོད་པ་འདྲ། །

ཁྲ་ཆུང་གཟི་ཡི་འོད་མདངས་ལས་ང་རང་བསམ་བཞིན་བྲིད་པ་འདྲ། །

འཛུམ་ཆུང་དགའ་བའི་འཁོར་ལོ་ལས་བདེན་པའི་སྙིང་གཏམ་སྙོག་པ་འདྲ། །

མ་བཅོས་ལྷུན་གྲུབ་ལྷ་མོ་ཁྱོད་བུ་ངའི་སེམས་ཀྱི་རྟེན་གཞི་ཡིན། །

མཛེས་མཛེས་པདྨའི་དཀྱིལ་འཁོར་ལ་དུངས་བའི་འཛུམ་གྱི་འོད་དཀར་འཚེར། །

སྙན་སྙན་ངག་གི་འགྱུར་ཁུག་ལ་བརྩེ་བའི་སྙིང་གཏམ་དམར་ཆུང་འཁྲུངས། །

ང་ལ་འཕྲོད་པའི་ལྷ་མོ་ཁྱེད་གཙང་ཡུལ་ནོར་བུའི་དགའ་ཚལ་ལ། །

དཀོན་མཆོག་ལྷ་ཡིས་བསྩལ་མཛད་པའི་དངོས་གྲུབ་བདུད་རྩི་བསིལ་མའོ། །

སྙིང་སྡུག་སྙིང་གི་གཏན་གྲོགས་མ་མི་ཚེའི་སྐྱོ་རོགས་ང་ཡིས་བྱེད། །

འཁོར་བའི་ཐང་གི་གླུ་ཆུང་ལ་འུ་གཉིས་དབྱངས་རྟ་མཉམ་དུ་བཀྱག །

རེག་འཇམ་དངོས་གྲུབ་བདུད་རྩི་མ་མི་ཚེ་རིང་མོ་སྐྱེལ་རོགས་བཅའ། །

དམར་ཆུང་སེམས་ཀྱི་དགའ་ལོ་མ་ཚེ་འདིའི་སྐྱ་ཡ་སྐྱོ་རོགས་ཡིན། །

མེ་ཏོག་དཀར་པོའི་མཛུམ་ཟེར་དེ་དམར་ཆུང་སྲོག་གི་རྒྱུད་སྐུད་ཅིག །

དམ་བཅའ་བདེན་པའི་སྙིང་གཏམ་དེ་མི་ཆོས་འཁོར་བའི་རྩ་བ་ཞིག །

འུ་གཉིས་བརྩེ་བའི་སྲོག་ཤིང་ལ་མི་འགྱུར་མི་འཇིག་མི་ཤིགས་པའི། །

སྨོན་ལམ་སྙིང་གི་དབུས་ན་ཡོད་སྨོན་མཐའ་རྩ་གསུམ་དཔའ་བོས་སྐྱོངས། །


རྩོམ་ཡིག་སྔོན་མ།
སྙན་ངག་ཚན་པ་གསུམ།
རྩོམ་ཡིག་རྗེས་མ།
མེ་ཏོག།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1