མེ་ཏོག།

ཆོས་དབྱིངས་ནོར་བུ། (དཀར་མཛེས།)) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-31


ཡིད་ཀྱི་སྤང་ལྗོངས་ཐོག་ལ། །


 བཞད་པའི་སྙིང་གི་མེ་ཏོག།


 ཡིད་ལ་ཡོང་པའི་དབང་གིས། །


 ཚེ་འདིར་འགྲོགས་ན་བསམ་བྱུང་།།


 ཡ་ཆུང་ཞིང་སར་འཁྲུངས་པའི། །


 དུས་བཞི་འགྱུར་མེད་མེ་ཏོག །


 ཚེ་འདིར་དུངས་བའི་མེ་ཏོག །


 རེ་བའི་ཀློང་ལ་འཁྲུངས་ཡོད། །


 གངས་ཅན་ཁ་བའི་ཞིང་གི །


 གངས་ལ་མཛེས་པའི་མེ་ཏོག །


 གངས་དཀར་སེམས་སུ་འཁྲུངས་པའི། །


 གངས་རིའི་མཛངས་མ་ཁྱེད་ཡིན། །


 མཛའ་གྲོང་དར་རྩེ་མདོ་ནས།།


 རྒྱ་བོད་འཚང་ཁ་ཤིག་ཤིག།


 མཛའ་གཞས་ལྷུང་ལྷུང་གོ་དུས། །


 མཛའ་མོ་མེ་ཏོག་དྲན་བྱུང་། །


 ཡིད་ཀྱི་མེ་ལོང་ངོས་སུ།།


 ཡིད་སེམས་རབ་དུ་མགུ་བའི།།


 ཡིད་འཕྲོག་མཛེས་པའི་མེ་ཏོག།


 ཡིད་འོང་གཏམ་ཞིག་ལབ་ཤོག།


 སེམས་ཀྱི་མགུལ་ལ་ཐོགས་པའི། །


 སེམས་ཀྱི་རིན་ཐང་ཆེན་པོ། །


 སེམས་ཀྱི་གཡུ་ཆུང་དྲུག་དཀར། །


 སེམས་ཀྱི་མེ་ཏོག་ཁྱེད་ཡིན། །


 སེམས་ལ་འཛུལ་བའི་ཉིན་ནས། །


 སེམས་ལ་སྐྱིད་ཅིག་ཆགས་སོང་། །


 སེམས་ལ་བཞུགས་རོགས་གནོངས་དང་། །


 སེམས་ལ་ཡོད་ཚད་ཁྱེད་ཡིན། །


 སེམས་སུ་ཁྱེད་ཉིད་མངའ་བས། །


 སེམས་སུ་མཛེས་པས་ཁེངས་སོང་། །


 སེམས་སུ་གཏན་དུ་བཞུགས་དང་། །


 སེམས་སུ་ཁྱེད་ལས་སུ་ཡོད། །


 སེམས་པ་དཀར་པོའི་འཚམས་འདྲི།


 ཞིམ་མངར་ལྡན་པའི་འོ་ཇ། །


 འགྱུར་བ་མེད་པའི་དུངས་བ། །


 མེ་ཏོག་ཁྱེད་ལ་འཚམ་པ། །


 ཆུང་འདྲིས་སེམས་ཀྱི་མེ་ཏོག །


 དེ་རིང་ཐེངས་གཅིག་མཇལ་བས།།


 ཚིག་གསུམ་བཤད་ནི་བསམས་རུང་།།


 འཚུབ་ནས་བཤད་ནི་མ་ཕོད།།


 སྙིང་གཏམ་མར་དཀར་རིལ་བུ།།


 ཡིག་ཆུང་བྲིས་ནས་མཚོན་ཡོང་།།


 བརྩེ་བ་ཁྱེད་ལ་བྱིན་པས།།


 སེམས་པ་ང་ལ་གནང་རོགས། །


 བརྩེ་སེམས་འདྲེས་པའི་ཉིང་ཁུ།།


 དྲན་པའི་ཀློང་ལ་བསྙལ་ཡོད།།


 རྨི་ལམ་ནང་ནས་དྲན་པ།།


 སྨོན་ལམ་ཚིག་ལ་བཏབ་ཡོད། །


རྩོམ་ཡིག་རྗེས་མ།
ས་ཡོམ་དེ་ཡི་རྗེས་སུ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1