མིག་ཆུ་ནི་འོ་མ་ཞིག་ཡིན་ཟེར།

ཞི་བདེ་ཉི་མ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-31


རང་གི་འཁྱགས་རོམ་གྱིས་རང་གི་མགོ་ལ་གཞུས།


 དྲན་པ་སད་མ་སད་བར།


 འཆི་བ་དང་འཇིགས་པ་རྐྱང་རྐྱང་གླེང་།


 རང་གི་ཁ་ཕོར་རྡོ་གཅལ་སྟེང་ལ་འཇོག


 གནམ་ཆུ་རྡོག་རེ་རྡོག་རེ་འཐིག


 རེ་སྒུག་མེ་ལྟར་འབར།


 གྲོད་ཁོག་མེ་ལྟར་འབར།


 འཛུམ་ཞལ་མེ་ལྟར་འབར།


 གདོང་ལ་མི་ཡིས་མི་ཐེག་པའི།


 བདེ་སྐྱིད་ཅིག་ཤར།


 སྐྱེས་མ་ཐག་ཏུ།


 རྡོ་མཁར་གྱི་སྒེའུ་ཁུང་རེ་རེར།


 རང་ཉིད་འཇུག་ཅི་ཐུབ་བྱེད།


 རྨི་ལམ་དུའང་།


 གཤིན་པོ་བཀའ་དྲིན་ཅན་ཟེར་ནས།


 མིག་ཆུ་གཏོང་མཁན་རང་ཉིད་ཡིན།


 སེམས་འགུལ་ཐེབས་ཡུལ་རང་ཉིད་ཡིན།


 དམྱལ་ཁམས་བཟོ་མཁན་ཡང་རང་ཉིད་ཡིན།


 མནར་སྡུག་མྱོང་མཁན་ཡང་རང་ཉིད་ཡིན།


 གཟུགས་ཁམས་ལ་མཆན་སྣ་ཚོགས་རྒྱག


 ཡང་འགྲེལ་བསྐྱར་འགྲེལ་གྱི་བྲག་རི་ཞིག་བཟོ།


 མི་ཚེ་གཅིག་ལ་སྲིན་འབུ་བཞིན།


 ཆོས་པ་ཞིག་གི་ཐུ་འོག་ལས།


 ཕར་འཛུལ་ཚུར་འཛུལ་བྱེད།


 ལམ་ཞིག་མཐོང་སོང་ཟེར་ནས།


 རང་ཉིད་ལྐུགས་པ་ནས་ལྐུགས་པར་བཟོ།


 བདེན་ཞིག་རྟོག་སོང་ཟེར་ནས།


 གླེན་པ་ནས་གླེན་པར་བཟོ།


 མི་ཞིག་ལ་ཉི་མར་འབོད།


 དྲོད་ཁོལ་མེད་ཀྱང་།


 རྔུལ་ཆུ་ལམ་ལམ་བཞུར།


 ཆར་ཆུའི་ཁྲོད་ནས་རླུང་རྟ་སྤུར།


 ཁ་བའི་དཀྱིལ་ནས་བདེ་སྐྱིད་གླེང་།


 རླུང་ནག་ཁྲོད་ནས་ཕུགས་བསམ་འཆད།


 རྨི་ལམ་ནང་ནས་ལས་དབང་བརྗོད།


 ལུང་པ་རེ་ལ་མིང་ཧ་ལས་པ་རེ་འདོགས།


 མིང་རེ་འབོད་དུས།


 རང་ཉིད་ཀྱི་གཅིན་པའི་ཁྲོད་དུའང་།


 ཉི་རྡུལ་གྱི་དབྱངས་གཞས་གང་དགར་འཕྱོ།


 རང་གི་རུས་པའི་ངོས་སུ་ནམ་མཁའ་འབྲི།


 རྡོ་ཕུང་གི་དཀྱིལ་ལ་ཉི་མ་ཞིག་སྦས།


 ས་དྲོས།


 གནམ་དྲོས།


 རང་གི་མལ་ས་དྲོས།


 གཙང་ཆུ་ཡང་འོ་མ་ལྟར་བཞུར།


 ཁ་བཏགས་ཀྱིས་བེམ་པོ་ཞིག


 ཕྱི་དཀྲིས་ནང་དཀྲིས་བྱེད།


 དུས་ཚོད་བཅག་སྟེ་དེའི་མཐའ་རུ་རུབ།


 བསྟོད་གཞས་ས་ཡ་དུང་ཕྱུར་ལེན།


 རྐང་བྲོ་ས་ཡ་དུང་ཕྱུར་རྡུང་།


 དགའ་སྤྲོ་ནི་ནམ་མཁའ་ཞིག་ཡིན་ཟེར།


 མིག་ཆུ་ནི་འོ་མ་ཞིག་ཡིན་ཟེར།


རྩོམ་ཡིག་སྔོན་མ།
སངས་སྒྲོལ་ལགས།
རྩོམ་ཡིག་རྗེས་མ།
མཛེས་སེ། མཛེས་སེ། མཛེས་སེ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1