མཛེས་སེ། མཛེས་སེ། མཛེས་སེ།

ཕུན་བདེ། (ཁྲིན་ཏུའུ།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-31


མཛེས་སེ།


 འཇིག་རྟེན་འདི།


 ང་རང་ཁྱོད་ལ་འཁྲེང་བའི་ཞེ་འདང་དེ་ཨེ་རེད།


 ཐག་རིང་གི་མཁའ་མཐའ་ན་ཆགས་པའི།


 ཡིད་སེམས་སྨྲེང་བྱེད་ཀྱི་སྤྲིན་པ་དེ་ཁྱོད་ཡིན་ནམ།


 མཛེས་སེ།


 སྟོད་རྒྱུད་ཀྱི་གཙང་གསུམ་མགོ་ཁུངས་སུ།


 ཆར་ཆེན་འབབ་ཀྱིན་འདུག་གམ།


 ནང་དགོང་གཉིས་ཀར།


 འབྲི་མོ་གཡུང་ལ་འབེབ་མཁན་གྱི།


 བཞོན་མ་གླུ་བ་དེ་ཁྱོད་ཡིན་ནམ།


 མཛེས་སེ།


 ཆར་ཞོད་ཆེ་བའི་དུས་སུ།


 ཁྱོད་ཀྱིས་འབྲི་མོ་འཇོ་དགོས་སམ།


 མཛེས་སེ།


 ཇོ་ཇོ་རི་ལ་བཞུད་ཀྱང་།


 སེམས་གཏམ་སྙིང་ལ་ཉར་མཁན་དེ་ཁྱོད་རང་ཡིན།


 མཛེས་སེ།


 ཁྱོད་ཉིད་མཐོ་སྒང་ན་གཤར་བའི།


 རི་དྭགས་ཁྱུ་གཅིག་གི་རྗེས་ན་ཡོད་དམ།


 མཛེས་སེ།


 ནམ་ཞིག་ང་རང་འཇིག་རྟེན་འདི་ནས།


 ཁྱོད་ལ་འཕྲད་ཀྱང་སྲིད་སྙམ་ནས།


 ངས་ཅི་ནུས་ཀྱིས་རང་ཉིད་འཚོ་ཐབས་བྱས་མོད།


 ཁྱོད་ནི་དྭངས་གཙང་གི་བདེན་པ་མཚོན་པའི།


 ཚེ་སྲོག་སྐད་ཅིག་ཐ་མ་དེ་རེད་པས།


 ད་ལྟ་སྨོན་ལམ་གཙང་མ་ཙམ་ལས་ཅི་ཡང་མེད།


 མཛེས་སེ།


 འདི་ལྟར་བསམ་དུས།


 ང་རང་འཚོ་བ་ལ་རེ་ཐག་གཏིང་ནས་ཆད་འགྲོ།


 འཇིག་རྟེན་གྱི་སྣང་བའི།


 འཇའ་ཚོན་ཞིག་ལ་མཛེས་སེ་ཟེར།


 གངས་ལྗོངས་ཀྱི་ཉི་འོད་ནང་དུ་བཞད་པའི།


 མེ་ཏོག་ཅིག་ལ་མཛེས་སེ་ཟེར།


 མཐོ་སྒང་གི་རི་ལུང་ན་ལང་ལོང་འཕྱུར་བའི།


 སྨུག་པ་དེ་ལ་མཛེས་སེ་ཟེར།


 མཛེས་སེ། མཛེས་སེ། མཛེས་སེ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1