བྱམས་བརྩེའི་རླབས་རྒྱུན་རིང་བའི་ཨ་མ།

ཁྲག་གདོང་། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-02


དཀར་གསལ་ཟླ་བའི་བཞིན་འཛུམ་འཕྲོ་ནས་བརྗིད་ཉམས་སྨུག་པོ་ཡིད་དུ་ཆགས།།

 

 སྐར་ཚོགས་ཕྲ་མོ་མཁའ་དབྱིངས་ཁྱབ་ཅིང་ངོ་མཚར་སྣ་མང་དལ་གྱིས་མཇལ།།

 

 སྨུག་མདངས་ཆགས་པའི་ཨ་མའི་ཞལ་རས་སེམས་པའི་གཏིང་དུ་འཁོར་ཐེངས་རེར།།

 

 རང་གཤིས་གཉོམ་པ་འཛུམ་པའི་ཞལ་རས་བརྩེ་བའི་རླབས་ཕྲེང་ངང་གིས་གཡོ།།

 

 བརྩེ་བའི་དར་སྐུད་སྙིང་ནས་རྒྱུད་ཅིང་ཞི་འཇམ་གཉིས་ཀྱིས་བཀའ་དྲིན་སྐྱོང་།།

 

 མཛའ་མཐུན་ལས་ཀྱིས་བཀོད་པ་འདི་འདྲ་ཕྱི་མའི་ཡུལ་ནས་འཕྲད་ཐུབ་པའི།།

 

 སྨོན་ལམ་གྲངས་མེད་ཞེ་སྙིང་གཏིང་ནས་ཡང་དང་ཡང་དུ་འདེབས་མོས་མཆིས།།

 

 ཡིད་འོང་རྫོགས་པ་བརྩེ་བའི་ཡུམ་ཆེན་དྲན་པའི་དབུས་སུ་དྲོད་ཀྱིས་འཁྱིལ།།

 

 བྱམས་པའི་མིག་ཟུང་བུ་ལ་ཕྱོགས་པའི་རང་ཁྱིམ་དྲོན་མོའི་བདག་མོ་མ།།

 

 ངག་དབྱངས་སྙན་མོ་དགུང་དུ་འཐེན་ཏེ་སྨོན་ལམ་གྲངས་མེད་ཡིད་ཀྱིས་བཏབ།།

 

 སེམས་དང་སེམས་སུ་དབྱར་གཞུང་ལྟ་བུའི་སྣང་བ་ཕུན་ཚོགས་རབ་ཏུ་བྱུང་།།

 

 མཛེས་སྡུག་སྨིན་ལ་དགྱེས་པའི་འཛུམ་མདངས་སྙིང་དུ་ཡག་པ་ཨ་མའི་ཞལ།།

 

 སྣང་ཚུལ་གཅིག་ལས་ཡིད་འོང་ཚོགས་པ་སེམས་ཐག་ཉེ་བའི་ཡུམ་ཆེན་མ།།

 

 ལ་ལུང་སྟོང་གིས་བར་ཐག་ཆད་ཀྱང་དྲན་གཞུང་དམར་རྗེན་ཁྱེད་ལ་ཕྱོགས།།

 

 རྨི་ལམ་ཞིང་ནས་མཇལ་ཐེངས་མང་བས་ཉིན་མོ་དུས་ཀྱང་མཚན་མོ་དྲན།།

 

 དྲན་པའི་དྲན་པ་ཡང་ཡང་བྱུང་བས་ཡུམ་ཆེན་ཁྱེད་རང་དྲིན་ཆེན་ཨང་།།

 

 བས་མཐར་འཚོ་བའི་རྒྱུད་རིམ་ཁྲོད་དུ་སྙིང་སྡུག་སྙིང་གི་མེ་ཏོག་ཀྱང་།།

 

 ལས་མཐུན་དུས་ཀྱི་རྨི་ལམ་ཚོགས་སུ་སེམས་ལ་སྣང་བ་ལན་གཅིག་མིན།།

 

 བཅོས་མིན་བརྩེ་འདང་བུ་ལ་འཆང་མཁན་ཨ་མ་ཟླ་བའི་མིང་ཅན་མ།།

 

 རྒྱང་རིང་ཡུལ་ནས་འཕྲིན་ཡིག་བྲིས་ཤིང་རྒྱང་རིང་ཡུལ་ནས་ཁྱེད་རང་གླེང་།།

 

 བྱམས་པའི་སྤྱན་ཟུང་ཕྱོགས་ལྷུང་བྲལ་བ་ཡིད་འོང་ལོ་ཟླའི་རྨི་ལམ་ཚོགས།།

 

 འཆར་ཡན་རྒྱུད་ཀྱང་སྲིད་པའི་དབུས་སུ་ལས་འཕྲོའི་ཚིག་གི་འདབ་མ་གྲོལ།།

 

 སྙན་སྙན་ངག་གི་བརྩེ་སེམས་ཡངས་པས་ཚོར་བྱུང་ཆུ་རླབས་བྲན་བྲན་ནས།།

 

 ཐུགས་རྗེས་ཕྱུག་པའི་དྲིན་གྱི་བདག་མོ་སེམས་པའི་གཏིང་དུ་དྲན་ཐེངས་མང་།།

 

 ཚོར་བྱུང་མེ་ཏོག་རྣམ་པར་བཀྲ་བ་སྙིང་དབུས་སྙིང་དུ་བརྩེ་བའི་ཡུམ།།

 

 བརྩེ་བའི་ངག་ལས་ཞི་འཇམ་སྨྲ་བ་བྱམས་པ་བྱམས་པའི་མ་ཡུམ་ཁྱེད།།

 

 རྣམ་དག་ལས་ཀྱི་བཀོད་པ་འོག་ནས་ང་ཉིད་ང་ཡི་སྐྱབས་མཆོག་མ།།

 

 དྲན་པའི་གཞུང་དུ་མིག་ཆུ་བྲུག་པ་ལན་རེ་ལན་གཉིས་མ་ཡིན་ཨང་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1