ནང་སེམས་ཀྱི་ཀུན་རྟོག།

དབུ་འཇིགས་མེད། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-07


གཉུག་སེམས་ཤེལ་དཀར་ནང་དུ། །མཛེས་པའི་སྙན་ངག་བཞེངས་པ། །

དྲན་གདུང་ཚིག་གི་དབྱངས་རྟ། །དབྱངས་ཅན་ལྷ་ལ་འདྲེན་པ། །

ཚོར་བའི་རླུང་བུ་གཡུགས་དུས། །ཚིག་གི་དབྱངས་རྟ་དཀྲོལ་ཡོང་། །

ངག་རིག་དྭངས་གསལ་མེ་ལོང་། །དབྱངས་ཅན་ལྷ་ཡི་མཛེས་རྒྱན། །

ཞལ་རས་གངས་དཀར་རི་བོ། །རྨི་ལམ་དབྱིངས་སུ་མཇལ་བྱུང་། །

འཛུམ་པའི་འཇའ་ཚོན་འོད་ཟེར། །གཉུག་མའི་གཤིས་སུ་འཐིབ་པ། །

ཞི་བའི་སྒྱུ་འཕྲུལ་གཉུག་སེམས། །ཆོས་ཉིད་དབྱིངས་སུ་གཤེགས་པ། །

ཚིག་གི་མེ་ཏོག་འཁྲུངས་བའི། །ཚོགས་དྲུག་དབྱངས་རྟ་དཀྲོལ་བ། །

སྣང་བའི་སྒྱུ་འཕྲུལ་འཛིན་མར། །སྙན་ངག་དྭངས་གཙང་འདྲེན་ན། །

ཚིག་གི་གདང་དབྱངས་དཀྲོལ་བ། །སྙན་འཇེབས་ངག་གི་མཛེས་སྡུག།

ཀུན་རྟོག་དབྱིངས་ཀྱི་ཚིག་མགུར། །ངག་རིག་དབྱངས་ལ་འདྲེན་ནས། །

མཛེས་པའི་དབྱངས་ཅན་ལྷ་མོར། །སྙན་ངག་དྭངས་མ་མཆོད་ཆོག །

སྣང་བ་འགོག་མེད་རང་བྱུང་། །ཚིག་གི་དབྱངས་སུ་སྦྱར་ནས། །

རབ་མཛེས་ལྷ་ཡི་མཆོག་མར། །ཞི་བའི་སྙན་ངག་སྤྲིངས་ཆོག །

རྟོག་བཏགས་ཚིག་གི་ཕོ་བྲང་། །སྣང་བའི་བརྩེ་གླུ་བཞེངས་ས། །

ནང་སེམས་དྲན་པའི་གཞུང་ལ། །སྙན་ངག་མཚོ་མོ་བཞུར་ཆོག ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1