དྲ་ལམ་སྒྲོག་གཏོང་གིས་གསར་འགྱུར་རྩོམ་སྒྲིག་ལ་ཤུགས་རྐྱེན་ཐེབས་པའི་སྣང་ཚུལ།

བསྟན་འཛིན་དབང་གྲགས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-07


གཅིག །གསར་འགྱུར་སྒྲོག་གཏོང་གི་ཁྱབ་ཁོངས་ཆེ་རུ་གཏོང་བ།
གསར་འགྱུར་ལ་རིན་ཐང་ལྡན་མིན་ནི་དུས་ཡུན་ངེས་ཅན་ནང་གི་གསར་འགྱུར་ཡིན་མིན་དང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་དོ་སྣང་བྱེད་མིན་ལ་རག་ལས་པ་ཡིན་པས་གསར་འགྱུར་སྡེ་ཁག་གིས་སྒྲོག་གཏོང་བྱས་པའི་དོན་དངོས་ཀྱི་གསར་འགྱུར་དང་འཕྲལ་ཡུན་གྱི་གསར་འགྱུར་ལ་མི་རྣམས་ཀྱིས་དོ་སྣང་བྱེད་སླ་བ་ཡིན། དེ་ལས་ལྡོག་ན་དོ་སྣང་བྱེད་མཁན་ཇེ་ཉུང་དུ་འགྲོ་བ་མ་ཟད་རིན་ཐང་ཀྱང་ཇེ་ཆུང་དུ་འགྲོ་བ་རེད། དེའི་ཕྱིར་སྲོལ་རྒྱུན་གྱི་གསར་འགྱུར་སྒྲོག་གཏོང་ཐད་ནས་བལྟས་ན། གསར་འགྱུར་སྒྲོག་གཏོང་བྱས་པར་ས་བབ་ཀྱི་ཁྱད་པར་དང་གསར་འགྱུར་སྒྲོག་གཏོང་གི་དུས་མཚམས་སོགས་རྒྱུ་རྐྱེན་དུ་མའི་དབང་གིས་གསར་འགྱུར་སྒྲོག་གཏོང་གི་ཤུགས་རྐྱེན་ཇེ་ཞན་དུ་འགྲོ་བཞིན་ཡོད། ཡིན་ན་ཡང་། ཀུན་འབྲེལ་དྲ་བ་ཐོན་པ་དང་། ལྷག་པར་དུ་དྲ་ལམ་སྒྲོག་གཏོང་བྱ་བ་ཉིན་རེ་བཞིན་ཇེ་རྒྱས་སུ་འགྲོ་བཞིན་ཡོད་པའི་སྐབས་འདིར་དྲ་ལམ་གསར་འགྱུར་སྒྲོག་གཏོང་དེ་ཡུལ་དུས་ཀྱི་ཚད་བཀག་ལྡན་པའི་སྲོལ་རྒྱུན་གྱི་གསར་འགྱུར་སྒྲོག་གཏོང་ལས་ཐོད་བརྒལ་བྱུང་ཡོད། ཐོག་མར་དུས་ཚོད་ཀྱི་ཐད་ནས་དྲ་ལམ་སྒྲོག་གཏོང་ལ་འཕྲལ་མྱུར་དང་བབ་བསྟུན་གྱི་རང་བཞིན་ལྡན་པ་ཡིན་པས། གསར་འགྱུར་ཁྱབ་སྒྲོག་བྱེད་པའི་སྔ་རྗེས་སུ་གསར་འགྱུར་ནོར་བཅོས་ལ་སྟབས་བདེ་བ་དང་། གཅིག་འདྲ་ཡིན་པའི་གསར་འགྱུར་དྲ་ལམ་གྱི་ནང་ནས་དུས་ཚོད་དང་ཉིན་ཞག གཟའ་འཁོར། ཟླ་བ་སོགས་ནམ་དུས་བཅོས་དགོས་ན་དེ་དུས་བཅོས་ཆོག་པ། དུས་ཚོད་ཀྱི་འགྱུར་བ་དང་ནང་དོན་གྱི་གྲུབ་ཆ་གང་ཡིན་ཀྱང་སྔར་མེད་ཀྱི་དགེ་མཚན་ལྡན་པས་དུས་ཚོད་ཀྱིས་ཚད་བཀག་བྱས་པའི་སྒྲོག་གཏོང་གི་རྣམ་པ་ལས་ཐོད་བརྒལ་བྱུང་ཡོད་ལ། གསར་འགྱུར་གྱི་རིན་ཐང་ཡང་ཇེ་ཆེ་ལ་སོང་ཡོད་པ་རེད། ཡུལ་གྱི་ཐད་ནས་འཛམ་གླིང་ཡོངས་ལ་ཁྱབ་ཐུབ་ཀྱི་ཡོད་པ་དང་། མི་རེ་རེའི་རང་ཉིད་ཀྱི་གསར་འགྱུར་དགོས་མཁོ་དང་འཛམ་གླིང་གི་འཕྲིན་སྦྱོར་གཉིས་མཉམ་དུ་འབྲེལ་བས་མི་སྒེར་དང་ཕྱི་རོལ་ཡུལ་གྱི་ཆ་འཕྲིན་བར་ཐག་ཇེ་ཐུང་དུ་བཏང་ཡོད་ལ། སྲོལ་རྒྱུན་གྱི་གསར་འགྱུར་ལ་འཕྲད་པའི་ཡུལ་གྱི་ཚད་བཀག་ཀྱང་ཐག་གཅོད་བྱས་ཏེ་ཁྱིམ་གཞིས་གཅིག་པའི་སའི་གོ་ལ་ཞེས་པའི་མངོན་འདོད་ཡིད་བཞིན་འགྲུབ་པ་ཡིན་པ་དང་། གསར་འགྱུར་སྒྲོག་གཏོང་གི་ཁྱབ་ཁོངས་ཀྱང་ཉིན་རེ་བཞིན་རྒྱ་ཇེ་ཆེར་གྱུར་པའི་རྣམ་པ་འབུར་དུ་ཐོན་བཞིན་ཡོད།
གཉིས། གསར་འགྱུར་སྒྲོག་གཏོང་གི་རྣམ་པ་འདྲ་མིན་ལྡན་པ།
སྔར་ཡོད་ཀྱི་ཚགས་པར་དང་དུས་དེབ། རྒྱང་སྒྲོག བརྙན་འཕྲིན་སོགས་སྒྲོག་གཏོང་གི་འཕྲིན་སྦྱོར་དག་ལས་དྲ་བར་དམིགས་བསལ་གྱི་དགེ་མཚན་ངེས་ཅན་ལྡན་པས་སྒྲོག་གཏོང་གི་མངའ་ཁོངས་བདག་འཛིན་བྱས་ཡོད་པས་ཡི་གེ་དང་པར་རིས། སྐད། བརྙན་རིས་སོགས་སྒྲོག་གཏོང་གི་རྣམ་པ་སྟབས་ཇེ་བདེར་གྱུར་ཡོད་ཕྱིར་དྲ་གྲོགས་དག་གིས་ལྟ་ཀློག་གི་སྐབས་སུ་ཚགས་པར་ཀློག་ཆོག་པ་དང་རྒྱང་སྒྲོག་ལ་ཉན་ཆོག་པ། བརྙན་འཕྲིན་ལ་བལྟས་ཆོག་པ་སོགས་ཀྱི་དགའ་ཕྱོགས་རྣམ་པ་སྣ་ཚོགས་བདམས་ཆོག་པ་རེད། གཞན་ཡང་། དྲ་ལམ་སྒྲོག་གཏོང་ལས་གསར་འགྱུར་གཅིག་ལ་ཡི་གེ་དང་པར། སྐད། བརྙན་སོགས་གང་ལ་གང་འདོད་ཀྱིས་སྒྲིག་སྦྱོར་བྱས་ཆོག་པ་དང་། ཡི་གེ་རྐྱང་རྐྱང་ཡིན་པའི་གསར་འགྱུར་ཆ་འཕྲིན་ལ་ཡང་ཡིག་གཟུགས་སྣ་ཚོགས་དང་རེས་འཁོར་ཡིག་བརྙན་སོགས་ཡི་གེའི་རྣམ་པར་འགྱུར་བ་སྣ་ཚོགས་བྱས་ཏེ་ཀློག་པ་པོར་མོས་པ་བསྐྱེད་ནས་ཕྱོགས་མི་འདྲ་བ་དང་ཟུར་མི་འདྲ་བ་ནས་གསར་འགྱུར་གྱི་ནང་དོན་ལ་རྒྱུས་ལོན་བྱེད་ཐུབ་པ་ཡིན། དྲ་ལམ་སྒྲོག་གཏོང་གི་རྣམ་པ་འདྲ་མིན་སྣ་ཚོགས་བྱུང་བས་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་མི་སྣ་རྣམས་ཀྱི་འདོད་བློ་བསྐང་ཡོད་པ་མ་ཟད་ཆ་འཕྲིན་གྱི་དགོས་མཁོ་སྐོང་ཐུབ་ཡོད། ད་དུང་གསར་འགྱུར་སྒྲོག་གཏོང་ལ་རྣམ་པ་འདྲ་མིན་གྱི་སྒྲོག་གཏོང་བྱེད་ཐབས་འདོན་སྤྲོད་བྱེད་པ་དང་མི་རྣམས་ཀྱི་བསམ་བློ་གཏོང་ཕྱོགས་ལ་ཤུགས་རྐྱེན་ངེས་ཅན་བཟོ་བཞིན་ཡོད་པ་རེད།
གསུམ། གསར་འགྱུར་སྒྲོག་གཏོང་གི་ནང་དོན་ཇེ་ལེགས་སུ་གཏོང་ཐུབ་པ།
“ས་སྒྱེད་པུ་སྲུང་ནས་བསྡད་ཀྱང་། །ཡུལ་འཛམ་གླིང་གཡས་སྐོར་གཡོན་སྐོར། །”ཞེས་དྲ་ལམ་སྒྲོག་གཏོང་གི་དགེ་མཚན་བླ་ན་མེད་པའི་ཁྱད་ཆོས་ཀུན་དང་འབྲལ་ཐབས་མེད། ཉེ་བའི་ལོས་ཤས་རིང་ནས་དྲ་རྒྱའི་ལག་རྩལ་མགྱོགས་མྱུར་གྱིས་འཕེལ་རྒྱས་སོང་བ་དང་བསྟུན་ནས་དྲ་ལམ་འཕྲིན་སྦྱོར་ལ་ཆ་འཕྲིན་གྱི་བར་སྟོང་ངེས་ཅན་ལྡན་པ་དང་། གྲངས་མང་བའི་ཆ་འཕྲིན་ཉར་ཚད་བྱེད་པ་དེ་ཡང་སྲོལ་རྒྱུན་ལས་ལྡབ་ཀྱིས་བརྒལ་ཡོད་པས། གང་ལ་གང་དགོས་ཐམས་ཅད་ཕྱོགས་གཅིག་ནས་འཚོལ་ཐུབ་པའི་རེ་འདོད་བསྐང་ཐུབ་ཡོད། དྲ་ལམ་གསར་འགྱུར་སྒྲོག་གཏོང་བྱ་བ་དེ་དྲ་རྒྱའི་སྦྲེལ་མཐུད་ལག་རྩལ་ལ་བརྟེན་ནས་ཀློག་པ་པོས་གནོན་ཐེངས་གཅིག་གིས་རང་གི་དགའ་ཕྱོགས་དང་མཐུན་པའི་གསར་འགྱུར་གྱི་གླེང་གཞི་ཞིབ་ཏུ་ཀློག་ཆོག་པ་ཡིན། གཞན་ཡང་། དྲ་ལམ་གསར་འགྱུར་ཆ་འཕྲིན་སྒྲོག་སྤེལ་ལ་ཚད་བཀག་མེད་པ། མིང་མི་འགོད་པ་སོགས་ཀྱི་ཁྱད་ཆོས་ལྡན་པས་ཀློག་པ་པོའི་གང་འདོད་ཀྱིས་རྩོམ་སྒྲིག་བྱེད་ཆོག་པ་ཡིན། དེའི་སྟབས་ཀྱིས་སྲོལ་རྒྱུན་གྱི་གསར་འགྱུར་འཕྲིན་སྦྱོར་སྒྲོག་སྤེལ་གྱི་སྒོ་བཀག་ཡོད་པ་རེད། དྲ་ལམ་སྒྲོག་གཏོང་གི་ཁྱད་ཆོས་འདི་དག་གིས་དྲ་ལམ་གྱི་ཆ་འཕྲིན་རྙོག་དྲ་ཅན་དང་བདེན་རྫུན་དབྱེ་འབྱེད་བྱེད་དཀའ་བ་ཞིག་ཏུ་གྱུར་ཡོད་སྟབས། མི་སྒེར་གྱི་གསང་བ་དང་བསམ་གཟས་ནས་དཀྲོགས་གཏམ་བཟོ་བ་སོགས་ཀྱི་གསར་འགྱུར་རིགས་མང་དུ་འབྱུང་བཞིན་ཡོད། དཔེར་ན། ཚུལ་མིན་བརྙན་པར་དང་གསང་གཏམ། གླེང་གཞི་ཆེ་བའི་མི་དག་གི་གནས་ཚུལ་རྗེན་འཚོལ་བྱེད་པ་ལྟ་བུའི་གསར་འགྱུར་རིགས་ཀྱིས་དོ་བདག་གི་ཁེ་དབང་ལ་རྩིས་མེད་བཏང་བ་མ་ཟད་གནོད་འཚེ་ངེས་ཅན་ཡང་བཟོ་བ་དང་། སྤྱི་ཚོགས་སུ་ཤུགས་རྐྱེན་ངན་པ་འཇོག་པ། གསར་འགྱུར་སྒྲོག་གཏོང་ལས་དོན་འཕེལ་རྒྱས་ལ་བཀག་འགོག་བྱེད་པ་རེད། དེའི་དབང་གིས་གསར་འགྱུར་རྩོམ་སྒྲིག་བྱ་བར་སྔར་བས་རེ་བ་ཆེན་པོ་འདོན་བཞིན་ཡོད། གསར་འགྱུར་རྩོམ་སྒྲིག་པས་ཁྱབ་རྒྱ་ཆེ་བའི་ཆ་འཕྲིན་ལ་ཁ་གཏད་སྐབས་ངེས་པར་དུ་འགན་འཁྲི་ལྡན་པ་དང་ལས་དོན་སྒྲུབ་སེམས་འདོར་མི་རུང་ལ། མི་ཆོས་ཀྱི་ཀུན་སྤྱོད་གཙུག་ཏུ་བཟུང་ནས་ཆ་འཕྲིན་གྱི་བདེན་རྫུན་ལ་དབྱེ་འབྱེད་བྱེད་པ། ཡང་དག་པའི་གླེང་ཕྱོགས་ལྟ་བ་རྒྱུན་བསྐྱངས་ནས་མང་ཚོགས་ལ་འགན་ཁུར་དགོས།

བཞི། གསར་འགྱུར་བརྗེ་རེས་བྱེད་ཐབས་སྐུལ་སློང་ཅན་དུ་འགྱུར་དགོས་པ།
དྲ་ལམ་སྒྲོག་གཏོང་གི་སྒོ་འབྱེད་རྣམ་པས་སྒྲོག་གཏོང་བ་དང་སྒྲོག་གཏོང་བྱེད་ཡུལ་བར་ལ་བར་ཐག་མེད་པར་བྱས་པས་གསར་འགོད་པ་ཙམ་གྱིས་གསར་འགྱུར་སྒྲོག་གཏོང་བྱེད་པ་མིན་པར་སྤྱི་ཚོགས་ཀྱི་མི་མང་པོ་ཞིག་གསར་འགྱུར་སྒྲོག་གཏོང་བར་འགྱུར་བཞིན་ཡོད། སྲོལ་རྒྱུན་གྱི་གསར་འགྱུར་སྒྲོག་གཏོང་ཁྲོད་དུ་འཕྲིན་སྦྱོར་སྡེ་ཁག་ཆེ་ཤོས་དག་གིས་སྤེལ་བའི་གསར་འགྱུར་ཆ་འཕྲིན་ནི་མི་རྣམས་ཀྱི་འཚོ་བ་དང་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་རེད། ཡིན་ན་ཡང་སྒྲོག་སྤེལ་བྱེད་ཡུལ་གྱིས་བཏོན་པའི་བསམ་འཆར་དང་རེ་འདོད་ནི་གྲངས་ཀའི་ཐད་ནས་བསྡུར་ཐབས་མེད་པ་ཞིག་རེད། དེའི་ཕྱིར་སྲོལ་རྒྱུན་གྱི་གསར་འགྱུར་སྒྲོག་གཏོང་བྱ་བ་ནི་གཞན་དབང་གིས་བསྒྲུབ་པ་ཡིན་ལ། སྒྲོག་གཏོང་པ་དང་སྒྲོག་གཏོང་བྱེད་ཡུལ་བར་འདྲ་མཉམ་གྱི་གོ་གནས་གཏན་ནས་ཡོད་མི་སྲིད། ཡིན་ན་ཡང་། དྲ་ལམ་གསར་འགྱུར་སྒྲོག་གཏོང་བྱུང་བ་ནས་སྒྲོག་གཏོང་བྱེད་ཡུལ་དང་འདྲ་མཉམ་ངང་སྐུལ་སློང་བྱེད་ཆོག་པའི་འཕྲིན་སྦྱོར་རྣམ་པ་ཞིག་ཆགས་ཡོད་སྟབས། སྒྲོག་གཏོང་བྱེད་ཡུལ་ལ་འདྲ་མཉམ་ངང་བསམ་འཆར་བཤད་པའི་སྟེགས་བུ་ཞིག་འདོན་སྤྲོད་བྱས་ཡོད་པས་སྲོལ་རྒྱུན་གྱི་སྒྲོག་གཏོང་འགལ་བ་ཐག་བཅད་ཡོད་པ་རེད། འདི་ལྟ་བུའི་འགྱུར་ལྡོག་བྱུང་བ་ཡིས་མི་རྣམས་ཀྱི་རིན་ཐང་ལྟ་བ་དང་བསམ་བློ་གཏོང་ཕྱོགས་ལ་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད་པ་མ་ཟད་གསར་འགྱུར་སྒྲོག་གཏོང་ལ་རྣམ་པ་ལེགས་པའི་སྒྲོག་གཏོང་གི་ཁོར་ཡུག་ཅིག་ཆགས་ཡོད་ལ། སྲོལ་རྒྱུན་འཕྲིན་སྦྱོར་གང་སར་ཐོན་དཀའ་བའི་གནད་དོན་དང་ནང་དོན་ཟབ་མོ་མིན་པའི་གནད་དོན་སོགས་རེ་རེ་བཞིན་དྲ་རྒྱའི་ཁོར་ཡུག་ནས་ཐག་གཅོད་བྱེད་པར་གྱུར་ཡོད།

ལྔ། མཇུག་བསྡུ་བའི་གཏམ།

དྲ་རྒྱ་ནི་དུས་རབས་ཉེར་གཅིག་པའི་ཆེས་རླབས་ཆེ་བའི་གསར་བཏོད་ཅིག་ཡིན་པའི་ཆ་ནས། ཤོག་བུ་སྣུམ་གྱིས་ཟིན་པར་ལྟར་ང་ཚོའི་འཚོ་བའི་ཁྲོད་རིམ་གྱིས་ཐོན་ཡོད་པ་རེད། དེ་ལས་དྲ་ལམ་གསར་འགྱུར་སྒྲོག་གཏོང་དེ་དུས་ཚོད་དང་ཕན་ཚུན་འབྲེལ་བ། རྒྱ་ཆེ་བ། རྣམ་པ་འདྲ་མིན་གྱི་ཁྱད་ཆོས་མངོན་པར་འཕགས་པས་སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་དགའ་མོས་བྱེད་བཞིན་ཡོད་ལ། སྔར་ཡོད་ཀྱི་ཚགས་པར་རྒྱང་སྒྲོག བརྙན་འཕྲིན་བཅས་ཀྱི་རྗེས་སུ་བྱུང་བའི་འཕྲིན་སྦྱོར་བཞི་བར་གྱུར་ཡོད། འདིས་ང་ཚོའི་གསར་འགྱུར་སྒྲོག་གཏོང་ཁྱབ་ཁོངས་ཀྱི་ཕྱོགས་མཐའ་ཀུན་ལ་གསར་བཏོད་ཀྱི་རྣམ་པ་ལྡན་པར་གྱུར་ཡོད་པ་དང་། གསར་འགྱུར་རྩོམ་སྒྲིག་པས་དྲ་ལམ་སྒྲོག་གཏོང་བྱ་བ་དེ་གསར་འགྱུར་རྩོམ་སྒྲིག་བྱ་བར་ཕོག་ཐུག་བཟོ་བཞིན་ཡོད་པའི་ངེས་ཤེས་གསལ་པོར་རྙེད་ཡོད་སྟབས། རང་ཉིད་ཀྱིས་བཟུང་བའི་ལས་ཀའི་འདུ་ཤེས་དང་བྱེད་ཐབས་ལ་རིམ་པ་བཞིན་འགྱུར་བ་གཏོང་བཞིན་གསར་འགྱུར་སྒྲོག་གཏོང་ལས་རིགས་གོང་འཕེལ་འགྲོ་བར་འབད་པ་བྱེད་བཞིན་ཡོད་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1