མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་སློབ་གསོའི་བསླབ་ཚན་མ་ལག་འཐུས་ཚང་དུ་བཏང་ནས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད།

བསོད་ནམས་རྡོ་རྗེ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-07


མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་འཛུགས་སྐྱོང་བྱ་བའི་རྨང་གཞི་རང་བཞིན་གྱི་བྱ་བཞག་ཞིག་ཡིན། སློབ་གྲྭའི་མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་སློབ་གསོའི་བསླབ་ཚན་ནི་རྒྱལ་ཁབ་ཀྱིས་གཏན་ཕབ་གནང་བའི་སློབ་གྲྭའི་བསླབ་ཚན་ཞིག་དང་སློབ་གྲྭའི་བསམ་བློ་ཆབ་སྲིད་ཀྱི་བསླབ་ཚན་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་མ་ཟད། བསླབ་ཚན་གསར་པ་གསར་རྐྱང་ཞིག་ཡིན། བསླབ་ཚན་གསར་པ་འདིས་རིགས་སོ་སོའི་སློབ་མར་ཡང་དག་པའི་མེས་རྒྱལ་གྱི་ལྟ་གྲུབ་དང་མི་རིགས་ཀྱི་ལྟ་གྲུབ། རིག་གནས་ཀྱི་ལྟ་གྲུབ། ལོ་རྒྱུས་ཀྱི་ལྟ་གྲུབ་གསོ་སྐྱོང་བྱ་བར་ནུས་པ་གལ་ཆེན་འདོན་པ་དང་རིགས་སོ་སོར་གཅིག་མཐུན་གྱི་བསམ་པའི་འཁྱེར་སོ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་འཛུགས་སྐྱོང་བྱེད་པའི་རྩ་བའི་ཐབས་ལམ། སློབ་གྲྭའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་བསླབ་ཚན་འཛུགས་སྐྲུན་བྱེད་པར་བརྟན་བརླིང་ཡོང་པའི་རྩ་བའི་གཞུང་ལུགས་དང་ཕུན་སུམ་ཚོགས་པའི་ལག་ལེན་ཞིབ་འཇུགདངོས་ཡོད་ཀྱི་དགོས་མཁོའི་ཆ་རྐྱེན་ལྡན་དགོས་པས། ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གྲྭའི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཀྱི་བསླབ་ཚན་མ་ལག་འཛུགས་སྐྱོང་བྱ་བ་ནི་དུས་རབས་གསར་པའི་སློབ་གསོ་ལས་སྒྲུབ་མི་སྣས་འགན་ཁུར་དང་མིག་སྔར་གྱི་ལས་དོན་གལ་ཆེན་ཞིག་ཡིན།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་ཐེངས་མང་པོར་མི་རིགས་མཐུན་སྒྲིལ་ནི་རང་རྒྱལ་རིགས་སོ་སོའི་མི་དམངས་ཀྱི་སྲོག་རྩ་ཡིན་ཞེས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་འཛུགས་སྐྱོང་བྱ་དགོས་ཞེས་ནན་གྱིས་བསྟན་པ་མ་ཟད། ཀྲུང་ཧྭ་མི་རིགས་ཐུན་མོང་གི་འདུ་ཤེས་ཆགས་གྲུབ་ཀྱི་རྨང་གཞི་ནི་ཀྲུང་ཧྭ་མི་རིགས་ཐུན་མོང་གི་མངའ་ཁོངས་དང་ཐུན་མོང་གི་ལོ་རྒྱུས། ཐུན་མོང་གི་རིག་གནས། ཐུན་མོང་གི་སྙིང་སྟོབས་བཅས་ཀྱི་ཕྱོགས་ནས་རྒྱས་བཤད་མཛད། དེ་བཞིན། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་འཛུགས་སྐྱོང་བྱ་བ་ནི་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱིས་མི་རིགས་ལས་དོན་ཐག་གཅོད་གཏན་འབེབ་གནང་བའི་རྩ་བའི་ནང་དོན་དང་། ཀྲུང་གོ་གུང་ཁྲན་ཏང་གི་མི་རིགས་གཞུང་ལུགས་དང་སྲིད་ཇུས། རླབས་ཆེ་བའི་ལག་ལེན་གྱི་སྤྱི་ཡོངས་ཀྱི་གསར་སྐྲུན་གྱི་གྲུབ་འབྲས་ཞིག་ཡིན་པ་མ་ཟད། རླབས་ཆེ་བའི་ཀྲུང་ཧྭ་མི་རིགས་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་བའི་རྩ་བའི་ཆ་རྐྱེན་དང་སྔོན་འགྲོ་ཡིན།

སློབ་མ་ནི་རྒྱལ་ཁབ་ཀྱི་མ་འོངས་པ་དང་མི་རིགས་ཀྱི་རེ་བ་ཡིན་པ་དང་སློབ་གྲྭ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་ལྟེ་བ་ཡིན་ཏེ། སློབ་གྲྭའི་སློབ་གསོའི་གོ་རིམ་ཁྲོད། མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་ནི་སློབ་གྲྭའི་བསམ་བློ་ཆབ་སྲིད་བསླབ་ཚན་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་མ་ཟད། སློབ་མའི་སློབ་རིམ་རེ་རེའི་ནང་མི་ཚེའི་ལྟ་གྲུབ་དང་འཇིག་རྟེན་ལྟ་གྲུབ། རིན་ཐང་ལྟ་གྲུབ་ཀྱི་ཆགས་གྲུབ་ལ་ཤན་ཤུགས་ཆེན་པོ་ཐེབས་སྲིད། དེ་བས། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། སློབ་གསོ་པུའུས་ཐེངས་མང་པོར་ཡིག་ཆ་བསྒྲགས་ནས། སློབ་གྲྭའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་བསླབ་ཚན་འཛུགས་སྐྲུན་དང་བྱ་འགུལ་གསར་སྐྲུན། དགེ་རྒན་དཔུང་སྡེ་འཛུགས་སྐྲུན། བསླབ་གཞི་རྩོམ་སྒྲིག་བཅས་ཀྱི་ཕྱོགས་ནས་འཆར་འགོད་གསལ་པོ་བྱས་ཡོད།

2009ལོར། ཀྲུང་དབྱང་གཞུང་ལས་ཁང་གིས་གཏིང་ཟབ་པའི་ངང་མི་རིགས་མཐུན་སྒྲིལ་ཁྱབ་བསྒྲགས་སློབ་གསོའི་བྱ་འགུལ་གྱི་བསམ་འཆར་བཀྲམ་ཏེ། རིམ་པ་སོ་སོའི་སློབ་གྲྭ་དག་གིས་མི་རིགས་མཐུན་སྒྲིལ་སློབ་གསོ་ཆེད་དོན་བྱ་འགུལ་གཏིང་ཟབ་པའི་ངང་སྤེལ་བར་རེ་བ་བཏོན་པ་དང་། མི་རིགས་མཐུན་སྒྲིལ་སློབ་གསོ་འདི་སྤྱི་དམངས་ཡོངས་ཀྱི་སློབ་གསོའི་གོ་རིམ་ཁྲོད་སྤྱི་ཡོངས་ནས་བསྲེས་དགོས་པ་དང་ཆུང་གཞོན་མི་སྣའི་འཚར་ལོངས་ཀྱི་གོ་རིམ་རེ་རེར་ལག་བསྟར་མཐའ་འཁྱོལ་གནང་དགོས་བསྟན་པ་དང་། སློབ་གྲྭ་ཆུང་འབྲིང་དུ་མི་རིགས་མཐུན་སྒྲིལ་སློབ་གསོ་དང་འབྲེལ་བའི་བསླབ་ཚན་དང་སློབ་ཆེན་དུ་བསམ་བློ་ཆབ་སྲིད་གཞུང་ལུགས་སློབ་ཁྲིད། གནས་བབ་དང་སྲིད་ཇུས་སློབ་ཐུན་ཁྲོད་མི་རིགས་མཐུན་སྒྲིལ་སློབ་གསོའི་ནང་དོན་གསལ་པོ་ཡོད་དགོས་པ་མ་ཟད། མུ་མཐུན་དུ་རིམ་པ་སོ་སོའི་སློབ་གྲྭ་དག་གིས་མི་རིགས་མཐུན་སྒྲིལ་སློབ་གསོའི་བསླབ་ཚན་གྱི་སློབ་ཁྲིད་སློབ་གསོའི་བྱ་བ་འཐུས་ཚང་དུ་བཏང་སྟེ། མི་རིགས་མཐུན་སྒྲིལ་སློབ་གསོ་དེ་སློབ་གྲྭའི་བསླབ་གཞིར་ཚུད་པ་དང་སློབ་ཁྲིད་དུ་ཚུད་པ། སློབ་མའི་ཡིད་ལ་སིམ་པར་བྱ་དགོས། དེ་ཡང་། ཆུང་གཞོན་སློབ་མའི་ནར་སོན་གྱི་ཁྱད་ཆོས་དང་བསམ་བློར་བསྟུན་ཏེ་ཆེད་དོན་འཛིན་ཚོགས་དང་དཔུང་ཚོགས་ཀྱི་བྱ་འགུལ། མི་རིགས་སོ་སོའི་དགེ་སློབ་བར་རྒྱུས་ལོན། མི་རིགས་ཤེས་བྱའི་འཆད་ཁྲིད། མི་རིགས་གླུ་གར་འཁྲབ་སྟོན་སོགས་སྤེལ་ཏེ་ཕུན་སུམ་ཚོགས་ཤིང་གསོན་ལྡན་སྤྲོ་སྐྱིད་ཀྱི་བྱ་འགུལ་ལ་མྱོང་རོལ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞི་སོགས་བཀོལ་ཏེ་ཆེད་དོན་སློབ་གསོ་དང་ལག་ལེན་གྱི་བྱ་འགུལ་སྤེལ་བ། སློབ་གྲྭའི་དགེ་རྒན་དག་ལ་མི་རིགས་མཐུན་སྒྲིལ་ཁྱབ་བསྒྲགས་སློབ་གསོ་ཕྱོགས་ནས་ཆེད་དོན་གསོ་སྦྱོང་གནང་དགོས།

2010ལོར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་སློབ་གསོ་བཅོས་བསྒྱུར་དུས་ཡུན་རིང་འབྲིང་གྲས་དང་འཕེལ་རྒྱས་འཆར་བཀོད་རྩ་གནད་ལས་རིམ་པ་སོ་སོའི་སློབ་གྲྭ་དག་གིས་རྒྱ་ཁྱབ་དུ་མི་རིགས་མཐུན་སྒྲིལ་སློབ་གསོ་སྤེལ་ཏེ་ཏང་གི་མི་རིགས་གཞུང་ལུགས་དང་མི་རིགས་སྲིད་ཇུས། རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲིལ་སྲོལ་དག་བསླབ་གཞིར་ཚུད་པ་དང་སློབ་ཁྲིད་དུ་ཚུད་པ། སེམས་སུ་ཚུད་དེ་རྒྱ་ཆེ་བའི་དགེ་སློབ་དག་ལ་མར་ཁེ་སི་རིང་ལུགས་ཀྱི་མེས་རྒྱལ་དང་མི་རིགས། ཆོས་ལུགས་ཀྱི་ལྟ་གྲུབ་མཛུབ་སྟོན་གནང་དགོས་ཤིང་། མུ་མཐུད་དུ་རིགས་སོ་སོའི་མཐུན་སྒྲིལ་གྱི་རྨང་གཞི་སྲ་བརྟན་དུ་བཏང་སྟེ་ཀྲུང་ཧྭ་མི་རིགས་ཀྱི་ལ་རྒྱལ་དང་གཅིག་སྒྲིལ་གྱི་ནུས་ཤུགས་མཐོར་འདེགས་སུ་གཏོང་དགོས། གཞན་ཡང་། ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀྲམ་པའི་རྩ་གནད་ལས་སློབ་གྲྭར་མི་རིགས་མཐུན་སྒྲིལ་སློབ་གསོའི་བསླབ་ཚན་འཛུགས་པར་འཆར་བཀོད་གསལ་པོ་གནང་སྟེ་ཏང་གི་མི་རིགས་གཞུང་ལུགས་དང་མི་རིགས་སྲིད་ཇུས་བསླབ་གཞིར་ཚུད་པ་དང་སློབ་ཁྲིད་དུ་ཚུད་པ། སེམས་སུ་ཚུད་དགོས་པའི་རེ་བ་བཏོན་ཡོད།

2015ལོར་བསྒྲགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མི་རིགས་སློབ་གསོ་འཕེལ་རྒྱས་ཐག་གཅོད་ཡིག་ཆ་ལས། ཆེད་དུ་ནན་གྱིས་བསྟན་དོན། ནན་ཏན་ཧུར་ཐག་གིས་མི་རིགས་མཐུན་སྒྲིལ་སློབ་གསོ་འཛུགས་སྐྲུན་བྱས་ཏེ་རིགས་སོ་སོའི་སློབ་མར་འབྲལ་ཐབས་མེད་པ་གསུམ་གྱི་བསམ་བློ་གསོ་སྐྱོང་བྱ་བ་དང། མུ་མཐུད་དུ་རླབས་ཆེ་བའི་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་ངེས་ཟིན་མཐོར་འདེགས་བཏང་སྟེ་གཏིང་ཟབ་པའི་ངང་མི་རིགས་མཐུན་སྒྲིལ་སློབ་གསོ་སློབ་རར་འདྲེན་པ་དང་སློབ་ཐུན་དུ་འདྲེན་པ། སེམས་སུ་འདྲེན་པའི་འདྲེན་པ་གསུམ་གྱི་བྱ་འགུལ་ལ་སྐུལ་འདེད་གཏོང་དགོས་ཤིང་རྒྱལ་ཡོངས་སློབ་ཆུང་ལོ་རིམ་མཐོན་པོ་དང་དམའ་འབྲིང་དུ་མི་རིགས་མཐུན་སྒྲིལ་སློབ་གསོའི་ཆེད་དོན་སློབ་ཐུན་འཛུགས་པ་དང་མཐོ་འབྲིང་གི་བསམ་བློ་ཆབ་སྲིད་ཀྱི་བསླབ་ཚན་དུ་མི་རིགས་མཐུན་སྒྲིལ་སློབ་གསོའི་ནང་དོན་ལ་ཤུགས་སྣོན། སློབ་ཆེན་དང་ལག་རྩལ་སློབ་གླིང་དུ་ཏང་གི་མི་རིགས་གཞུང་ལུགས་དང་མི་རིགས་སྲིད་ཇུས་བསླབ་ཚན་འཛུགས་དགོས་ཞེས་གསལ་པོར་བསྟན་ཏེ། སློབ་ཆུང་གི་དུས་རིམ་དུ་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཀྱི་བློ་འབྱེད་སློབ་གསོ་མྱང་དགོས་པ་དང་། དམའ་འབྲིང་གི་དུས་རིམ་དུ་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཀྱི་ཤེས་རྟོགས་ལ་ཤུགས་སྣོན་དང་བརྩེ་སེམས་ཆེ་རུ་གཏོང་བའི་སློབ་གསོ་མྱོང་དགོས། མཐོ་འབྲིང་དང་ཆེད་སྦྱོང་གི་དུས་རིམ་དུ་རིན་ཐང་གི་ལྟ་གྲུབ་གསོ་སྐྱོང་གནང་སྟེ། གཅིག་མཐུན་འདུས་གྲུབ་ཀྱི་ངེས་ཟིན་ལ་ཤུགས་སྣོན་རྒྱག་དགོས་པའི་སློབ་གསོ་མྱོང་དགོས། ཐག་གཅོད་ཡིག་ཆ་ལས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་གསོ་སྲིད་འཛིན་ལས་ཁུངས་ཀྱིས་སློབ་གྲྭ་ཆུང་འབྲིང་སོ་སོར་མི་རིགས་མཐུན་སྒྲིལ་སློབ་གསོའི་བསླབ་གཞི་རྩོམ་སྒྲིག་བྱ་བར་མཛུབ་སྟོན་གནང་བ་མ་ཟད། ལོ་དགུ་འགན་བབ་སློབ་གསོའི་རིན་མེད་བསླབ་གཞི་གྲས་སུ་བཞག་པ་དང་ས་གནས་སོ་སོས་ས་གནས་ཀྱི་དངོས་ཡོད་གནས་ཚུལ་ལ་གཞིར་བཅོལ་ནས་ས་གནས་ཀྱིས་ཁ་གསབ་བསླབ་གཞི་རྩོམ་སྒྲིག་བྱ་ཆོག་ཞིང་། དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་དག་བཀོལ་ནས་མི་རིགས་མཐུན་སྒྲིལ་སློབ་ཁྲིད་སློབ་གསོའི་ཐོན་ཁུངས་རྩོམ་བསྒྱུར་གནང་བ་དང་། དགེ་འོས་སློབ་གླིང་དང་མི་རིགས་སློབ་གླིང་དུ་མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་དང་སྲིད་ཇུས་ཀྱི་དགེ་འོས་ཆེད་ལས་བཙུགས་ཏེ། མི་རིགས་མཐུན་སྒྲིལ་སློབ་གསོའི་སློབ་ཐུན་གྱི་དགེ་རྒན་གསོ་སྐྱོང་དང་གསོ་སྦྱོང་གནང་དགོས་ཞེས་བསྟན་ཡོད། དེ་ལས་གཞན། ཐག་གཅོད་ཡིག་ཆ་ལས། རིམ་པ་སོ་སོའི་སློབ་གྲྭ་དག་གིས་སློབ་རིམ་རེ་རེའི་མི་རིགས་མཐུན་སྒྲིལ་སློབ་གསོའི་བསླབ་གཞི་རྩོམ་སྒྲིག་ལ་རེ་བ་ཧ་ཅང་ཞིབ་རྒྱས་ངང་གསལ་པོ་བཏོན་ཡོད་དེ། སློབ་གྲྭའི་མི་རིགས་མཐུན་སྒྲིལ་སློབ་གསོའི་བསླབ་གཞིར་རྒྱལ་ཁབ་ཀྱིས་གཅིག་གྱུར་རྩོམ་སྒྲིག་དང་ཞིབ་བཤེར། ཁྱབ་བརྡལ་གཏོང་དགོས་པ་གསལ་པོ་བསྟན་པ་མ་ཟད། སློབ་གྲྭའི་མི་རིགས་མཐུན་སྒྲིལ་བསླབ་གཞི་དེ་བསྟུན་གྱི་རིམ་པ་སོ་སོའི་སློབ་གྲྭ་དག་གི་བསམ་བློ་ཆབ་སྲིད་བསླབ་ཚན་འཛུགས་སྐྲུན་ཀྱི་གྲས་སུ་བཞག་པ་དང་སློབ་གྲྭའི་མི་རིགས་མཐུན་སྒྲིལ་སློབ་གསོ་བསླབ་ཚན་གྱི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན། དགེ་འོས་སློབ་གླིང་གི་འབྲེལ་ཡོད་ཆེད་ལས་འཛུགས་སྐྲུན་ལ་རེ་བ་གསར་པ་བཏོན་པ་དང་བསླབ་ཚན་འཛུགས་སྐྲུན། བསླབ་གཞི་རྩོམ་སྒྲིགདགེ་རྒན་དཔུང་སྡེ་གསོ་སྐྱོང་ལ་སྲིད་ཇུས་ཀྱིས་རྒྱབ་སྐྱོར་དང་བྱ་བར་མཛུབ་སྟོན་གནང་།

2017ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་དགུ་བའི་སྙན་ཞུ་ལས་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་གཞུང་ལུགས་དང་སྲིད་ཇུས་ལ་སྤྱི་ཡོངས་ནས་རྒྱས་འགྲེལ་གསལ་པོ་གནང་སྟེ་མི་རིགས་མཐུན་སྒྲིལ་ཡར་ཡོན་སློབ་གསོའི་དམིགས་འབེན་དང་འགན་ཁུར། ཐབས་ལམ་ལ་ཡང་དག་པའི་གཏན་འབེབས་གནང་། སྙན་ཞུ་ལས། ཁྱོན་ཡོངས་ནས་ཏང་གི་མི་རིགས་སྲིད་ཇུས་མཐའ་འཁྱོལ་དང་མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་སློབ་གསོ་ཟབ་སྤེལ་བྱེད་དགོས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་འཛུགས་སྐྱོང་བྱེད་དགོས་པ། རིགས་སོ་སོའི་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་རྒྱག་དགོས་པ། མི་རིགས་སོ་སོས་སེ་འབྲུ་བཞིན་དམ་པོར་འཁྱུད་པར་སྐུལ་འདེད་བྱེད་དགོས་པ། ཐུན་མོང་གིས་མཐུན་སྒྲིལ་བརྩོན་ལེན་བྱེད་དགོས་པ་དང་། ཐུན་མོང་གིས་ཡར་རྒྱས་གོང་འཕེལ་གཏོང་དགོས་པ་སོགས་་བསྟན་པ་རེད།

2019ལོར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དུས་རབས་གསར་པའི་རྒྱལ་གཅེས་རིང་ལུགས་སློབ་གསོ་ལག་བསྟར་རྩ་གནད་བཀྲམ་པ་དང་། རྩ་གནད་ལས། མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་སློབ་གསོ་ཟབ་སྤེལ་བྱེད་དགོས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་འཛུགས་སྐྱོང་བྱེད་དགོས་པ། རིགས་སོ་སོ་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་རྒྱག་དགོས་པ་སྔར་ལས་གསལ་འགྲེལ་གནང་བ་དང་། རིགས་སོ་སོའི་དམངས་ཚོགས་ལ་འབྲལ་ཐབས་མེད་པ་གསུམ་གྱི་བསམ་བློ་གསོ་སྐྱོང་བྱ་བར་མཛུབ་སྟོན་དང་མུ་མཐུད་དུ་ངེས་ལེན་ལྔ་མཐོར་འདེགས། རིགས་སོ་སོས་དབུགས་འབྱིན་གཅིག་མཐུན་དང་བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་ལ་འབྲེལ་ཏེ་འོད་སྟོང་འབར་བའི་སྲོལ་རྒྱུན་རིག་གནས་མི་རབས་ནས་མི་རབས་བར་རྒྱུན་སྤེལ་གནང་དགོས་ཞེས་དང་། ཆུང་གཞོན་མི་སྣ་ནི་རྒྱལ་གཅེས་རིང་ལུགས་སློབ་གསོའི་གལ་ཆེན་ནང་གི་ཡང་ཆེན་ཡིན་པ་དང་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློ་དེ་སློབ་གྲྭའི་སློབ་གསོའི་སྤྱི་ཡོངས་ཀྱི་གོ་རིམ་ཁྲོད་ལག་བསྟར་གནང་སྟེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སློབ་ཐུན་དུ་འདྲེན་པ་དང་བསླབ་གཞིར་འདྲེན་པ། སེམས་སུ་འདྲེན་དགོས་པ་དང་། སྔར་ལས་མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་སློབ་གསོ་ནི་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྩ་བའི་ནང་དོན་དང་གཞི་ཡིན་པ་གསལ་པོར་བསྟན་འདུག །

2019ལོར། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ལས་ཐིང་གིས་བཀྲམ་པའི་ཁྱོན་ཡོངས་ནས་མི་རིགས་མཐུན་སྒྲིལ་ཡར་རྒྱས་གསར་སྐྲུན་བྱ་བ་ཟབ་སྤེལ་གནང་སྟེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་འཛུགས་སྐྱོང་གི་བསམ་འཆར་ལས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ནན་ཏན་སྒོས་མི་རིགས་མཐུན་སྒྲིལ་གྱི་རྩ་བའི་ཚེ་སྲོག་ལ་སྲུང་སྐྱོང་བྱ་བའི་ཆབ་སྲིད་འགན་འཁྲི་ལག་བསྟར་བྱ་དགོས་པ་བསྟན་ཡོད།

གོང་གི་གསལ་བཤད་དག་ལས་ཤེས་གསལ་ལྟར། སློབ་གྲྭའི་མི་རིགས་མཐུན་སྒྲིལ་ཡར་རྒྱས་སློབ་གསོའི་བསླབ་ཚན་འཛུགས་བཀོད་ལ་གཞུང་ལུགས་ཀྱི་རྨང་གཞི་བརྟན་ཞིང་། ཕུན་སུམ་ཚོགས་པའི་ལག་ལེན་གྱི་ཞིབ་འཇུག་དང་དངོས་ཡོད་ཀྱི་དགོས་མཁོ་ལྡན་དགོས་པ་མ་ཟད། བསླབ་ཚན་གྱི་མ་ལག་དང་ནང་དོན་ལ་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་བརྒྱ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་འཁོར་བདུན་ཅུ་ལྷག །བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུ་ལྷག་འགོར་བའི་ཚུན་དུ། རིགས་སོ་སོས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་མཐུན་སྒྲིལ་དམ་ཟབ་དང་འབད་བརྩོན་ལྷུར་ལེན་སྒོས་རིགས་སོ་སོ་འདྲ་མཉམ་དང་མཐུན་སྒྲིལ། རོགས་རེས། འཆམ་མཐུན་གྱིས་དུས་རབས་གསར་པའི་རླབས་ཆེ་བའི་ལག་ལེན་དང་གཞུང་ལུགས་ཞིབ་འཇུག་གི་འཕེལ་རྒྱས་གསར་པ་བཏོད། ལྷག་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པ་ཞིག་ཏུ་ཞུགས་པ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་གིས་སྤྱི་ཡོངས་ནས་རང་རྒྱལ་གྱི་མི་རིགས་ལས་དོན་ལ་འཕྲད་པའི་གནས་བབ་གསར་པའི་འགན་ཁུར་གསར་པར་སྤྱི་སྡོམ་དང་དབྱེ་ཞིབ་མཛད་པ་དང་སྤྱི་ཡོངས་ནས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་རྒྱས་ལས་དོན་གྱི་རླབས་ཆེ་བའི་འཛུགས་སྐྲུན་ལས་གཞི་ལ་འཆར་བཀོད་གནང་། དེའི་སྙིང་པོ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་འཛུགས་སྐྱོང་བྱ་བ་དེ་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་འཛུགས་སྐྱོང་གི་ཆ་རྐྱེན། ཏང་གི་མི་རིགས་གཞུང་ལུགས་དང་སྲིད་ཇུས་དག་ནི་སློབ་གྲྭའི་མི་རིགས་མཐུན་སྒྲིལ་ཡར་རྒྱས་སློབ་གསོའི་བསླབ་ཚན་བསླབ་གཞི་འདིའི་གལ་འགངས་ཆེ་བའི་གཞི་ལ་བརྟེན་ནས་སློབ་རར་འདྲེན་པ་དང་སློབ་ཐུན་དུ་འདྲེན་པ། སེམས་སུ་འདྲེན་པ་སྟེ་འདྲེན་པ་གསུམ་གྱི་བྱ་བའི་རེ་བ་དངོས་ཐོག་ཏུ་འབབ་པ་དང་། སློབ་གྲྭའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོར་བརྟེན་ནས་ད་གཟོད་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དང་ངེས་ལེན་ལྔའི་སྒེར་གྱི་འཛུགས་བཀོད་མངོན་འགྱུར་བྱ་དགོས། དེ་བས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གྲྭའི་མི་རིགས་མཐུན་སྒྲིལ་ཡར་རྒྱས་སློབ་གསོ་བསླབ་ཚན་མ་ལག་འཛུགས་སྐྲུན་བྱ་བ་ནི་དུས་རབས་གསར་པའི་སློབ་གསོའི་ལས་སྒྲུབ་མི་སྣའི་འགན་འཁྲི་གལ་ཆེན་དེ་ཡིན། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1