ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་གྲོས་མོལ་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 11-02


 


ཟླ་10ཚེས་31ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་རོན་ཧྥུའུ་ཀྲུང་ལ་དགའ་བསུའི་མཛད་སྒོ་འཚོག་བཞིན་པ། 


         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་31ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་གྲོས་མོལ་གནང་བ་རེད། ཕྱོགས་གཉིས་པོས“ཡིག་འབྲུ་བཅུ་དྲུག”གི་བྱེད་ཕྱོགས་དང“ཡག་པོ་བཞིའི”སྙིང་སྟོབས་མཐའ་འཁྱོངས་ཀྱིས་སྲོལ་རྒྱུན་གྱི་མཛའ་གྲོགས་ཟབ་ཏུ་གཏོང་བ་དང་། འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། འགལ་ཟླ་དོ་དམ་དང་ཚོད་འཛིན་འོས་འཚམ་བཅས་བྱས་ནས། དུས་རབས་གསར་པའི་ཀྲུང་ཝེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་མགྲིན་གཅིག་ཏུ་གསུངས་པ་རེད།

        ཞི་ཅིན་ཕིང་གིས་རོན་ཧྥུའུ་ཀྲུང་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་འཚོགས་རྗེས་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པར་དགའ་བསུ་ཞུས་ཤིང་། ཁོང་གིས་ཉེ་བའི་ལོ་ཤས་རིང་ང་དང་སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་རོན་ཧྥུའུ་ཀྲུང་གིས་བྱེད་ཐབས་སྣ་ཚོགས་བརྒྱུད་འབྲེལ་གཏུག་ཟབ་མོ་རྒྱུན་འཁྱོངས་བྱས་ཤིང་། ཀྲུང་ཝེའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཁྲིད་སྟོན་བྱེད་པའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་མང་པོ་བྱུང་བ་དང་། ཐུན་མོང་གི་ངོས་འཛིན་དེ་དག་ཁྱོན་ཡོངས་ནས་དོན་འཁྱོལ་ཐུབ་སྟེ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅེས་གསུངས་པ་རེད།

        ཞི་ཅིན་ཕིང་གིས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་གནས་ཚུལ་གཙོ་བོ་ངོ་སྤྲོད་གནང་ཞིང་། ཁོང་གིས་དུས་རབས་གསར་པའི་ཀྲུང་གོའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དེ་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ནི་ཀྲུང་གོའི་དོན་དངོས་དང་མཐུན་པ་དང་། ཀྲུང་གོ་མི་དམངས་ཀྱི་བསམ་འདུན་མཚོན་པ། དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པ་བཅས་ཡིན་པར་བརྟེན་ཡང་དག་སྐྱོད་པ་དང་སྐྱོད་ཐུབ་རྒྱུ་ཡིན་པ་མ་ཟད། དེའི་ཐོག་བརྟན་པོ་དང་ཡག་པོ་སྐྱོད་ཐུབ་རྒྱུ་ཡིན་པ་ཡང་ར་སྤྲོད་གང་ལེགས་བྱས་ཡོད། རླབས་ཆེན་གྱི་རྒྱང་ལམ་གསར་པའི་ཐོག་ངེས་པར་དུ་ལོ་རྒྱུས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་ལོ་རྒྱུས་ཀྱི་རང་འགུལ་ཆེ་རུ་བཏང་ནས། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་སྐུལ་འདེད་གཏོང་བ། ལོ་བརྒྱ་གཉིས་པའི་འབད་འཐབ་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་མཐུན་སྒྲིལ་འབད་འཐབ་བྱེད་པ། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་བ་བཅས་བྱེད་རྒྱུ་རེད། ཝེ་ཐེ་ནམ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་གསུམ་པ་འཚོགས་ཚུན། ཝེ་ཐེ་ནམ་གུང་ཁྲན་ཏང་གིས་ཝེ་ཐེ་ནམ་གྱི་མི་དམངས་ཡོངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་གསར་བརྗེའི་བྱ་གཞག་ཁྲོད་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་བཏོད་པ་ང་ཚོས་མཐོང་བྱུང་བས་དགའ་ཚོར་ཆེན་པོ་བྱུང་། སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་རོན་ཧྥུའུ་ཀྲུང་གིས་གཙོས་པའི་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་ཝེ་ཐེ་ནམ་ཏང་དང་སྲིད་གཞུང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་གསུམ་པའི་ཐོག་བཏོན་པའི་དམིགས་ཚད་དང་ལས་འགན་ཁག་བདེ་བླག་ངང་ལེགས་སྒྲུབ་བྱས་ནས་ཝེ་ཐེ་ནམ་གྱི་ཏང་འཛུགས་དང་རྒྱལ་འཛུགས་ཀྱི་ལོ་བརྒྱའི་དམིགས་ཚད་མངོན་འགྱུར་ཡོང་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དེང་སྐབས་འཛམ་གླིང་ལ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་འབྱུང་བཞིན་ཡོད་པ་དང་འཛམ་གླིང་འདི་ཉིད་ཡོ་ལང་དང་འགྱུར་ལྡོག་གི་དུས་སྐབས་གསར་པ་ཞིག་ཏུ་སླེབས་ཡོད། ཀྲུང་གོ་དང་ཝེ་ཐེ་ནམ་སོགས་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱིས་རང་རྒྱལ་ཁབ་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་ནས། རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་དེང་རབས་ཅན་གྱི་ལམ་བུ་འཚོལ་ཞིབ་བདེ་བླག་བྱས་པ་བརྒྱུད། སྤྱི་ཚོགས་རིང་ལུགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད། དེ་དང་དུས་མཚུངས་མིའི་རིགས་ཀྱི་ཡར་ཐོན་བྱ་གཞག་འཕེལ་རྒྱས་གཏོང་བ་ནི་དུས་ཡུན་རིང་ཞིང་དཀའ་ཚེགས་མང་བའི་བརྒྱུད་རིམ་ཞིག་ཡིན་ཞིང་། སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་འཕེལ་རྒྱས་གཏོང་བར་ཧ་ཅང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་ཉེན་ཁ་དང་འགྲན་སློང་དྲག་པོ་འཕྲད་ཡོད། ཀྲུང་གོ་དང་ཝེ་ཐེ་ནམ་ཏང་གཉིས་ཀྱིས་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་མིའི་རིགས་ལ་ཡར་རྒྱས་བརྩོན་ལེན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། མི་གང་རུང་ཞིག་གིས་ང་ཚོ་མདུན་དུ་བསྐྱོད་རྒྱུར་འགོག་རྐྱེན་གཏན་ནས་བཟོ་རུ་འཇུག་རྒྱུ་མེད་ལ། སྟོབས་ཤུགས་གང་ཞིག་གིས་ཀྱང་ང་ཚོའི་འཕེལ་རྒྱས་ལམ་ལུགས་ཀྱི་རྨང་གཞིར་གཡོ་འགུལ་གཏན་ནས་གཏོང་དུ་འཇུག་གི་མ་རེད།

        ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བ་སྔར་བས་འཕེལ་རྒྱས་གཏོང་རྒྱུའི་ཐད། ཞི་ཅིན་ཕིང་གིས་ཕྱོགས་གཉིས་པོས་སྤྱི་ཚོགས་རིང་ལུགས་ཀྱི་མདུན་སྐྱོད་ཁ་ཕྱོགས་མཐའ་འཁྱོངས་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་དང་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བའི་ངོས་ནས་བརྗོད་ན་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱ་རྒྱུ་ནི་ཨང་དང་པོ་ཡིན། ཏང་གཉིས་པོའི་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་ཀྱིས་འབྲེལ་གཏུག་དང་འགྲོ་འོང་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་གཉིས་པོའི་འབྲེལ་བའི་གནད་དོན་གལ་ཆེན་ལ་དུས་ཐོག་ཏུ་བསམ་འཆར་བརྗེ་རེས་བྱེད་དགོས། ཏང་གཉིས་པོའི་ཀྲུང་དབྱང་དང་ས་གནས་ཀྱི་སྡེ་ཚན་ཁག་གིས་ཕྱོགས་གཉིས་པོའི་མཐོ་རིམ་དབར་གྱི་ཐུན་མོང་ངོས་འཛིན་ལག་བསྟར་དོན་འཁྱོལ་བྱས་ནས། སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མཉམ་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་དགོས། དུས་བབ་གསར་པའི་འོག་ཀྲུང་གོ་དང་ཝེ་ཐེ་ནམ་ཏང་གཉིས་ཀྱིས་ཏང་སྐྱོང་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་རྒྱག་པ་དང་། དམག་དཔུང་གཉིས་ཀྱི་མཐོ་རིམ་འབྲེལ་གཏུག་དང་འཐབ་ཇུས་ཀྱི་སྐད་ཆ་ཤོད་རེས་རྒྱུན་འཁྱོངས་བྱེད་པ། ཁྲིམས་འཛིན་བདེ་འཇགས་ཀྱི་མཉམ་ལས་གྲུབ་འབྲས་རྒྱ་ཆེར་གཏོང་བ་བཅས་བྱས་ནས། རང་སོ་སོའི་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས། ཕྱོགས་གཉིས་པོས་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་གྱི་རྨང་གཞི་བརྟན་དུ་གཏོང་དགོས་ཞེས་གསུངས་པ་རེད།

        རོན་ཧྥུའུ་ཀྲུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ངས་ཝེ་ཐེ་ནམ་ཕྱོགས་ཀྱི་འགོ་ཁྲིད་པའི་སྣེ་ཁྲིད་དེ་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་འཚོགས་རྗེས་ཀྱི་གཙོ་བདག་རིམ་པའི་འཐུས་མི་ཚོགས་པ་དང་པོའི་ངོས་ནས་ཀྲུང་གོར་འཚམས་འདྲིར་གདན་དྲངས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ངས་ཀྱང་སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་ཞི་ཅིན་ཕིང་ལ་རང་ཉིད་ཀྱིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའི་འགན་བསྟུད་མར་འཁུར་རྗེས་ཀྲུང་གོ་འདི་ཉིད་འཚམས་འདྲི་བྱ་ཡུལ་གྱི་རྒྱལ་ཁབ་དང་པོར་འགྱུར་བ་བྱ་རྒྱུའི་ཁས་ལེན་མངོན་འགྱུར་བྱུང་སོང་། ངས་ཝེ་ཐེ་ནམ་ཏང་དང་། སྲིད་གཞུང་། མི་དམངས་བཅས་ཀྱི་ཚབ་ཞུས་ནས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་པར་ཀྲུང་གོའི་ཏང་དང་། སྲིད་གཞུང་། མི་དམངས་བཅས་ལ་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་བ་དང་འབྲེལ། སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་ཞི་ཅིན་ཕིང་སླར་ཡང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཡང་ཞུ་རྒྱུ་ཡིན། དེ་ཐོག་ནས་ཀྲུང་གོའི་ཏང་དང་མི་དམངས་ཀྱིས་འདས་ཟིན་པའི་ལོ་བཅུའི་ནང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་འོག ཀྲུང་གོར་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་དང་བླ་ན་མེད་པའི་རྒྱལ་སྤྱིའི་དབང་གྲགས་ལ་ཚད་མཐོའི་ཁས་ལེན་དང་ཡིད་ཆེས་བྱས་པ་གང་ལེགས་མཚོན་གྱི་ཡོད། ཀྲུང་གོ་གུང་ཁྲན་ཏང་ལ་ཐོབ་པའི་གྲུབ་འབྲས་ཀྱིས་འཛམ་གླིང་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་ལྷག་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་སྐྱོད་པའི་རྒྱལ་ཁབ་ལ་རྩ་ཆེའི་ཉམས་མྱོང་མཁོ་འདོན་བྱས་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་འོག ཀྲུང་གོས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་ཐོག་གཏན་འབེབས་བྱས་པའི་དམིགས་ཚད་དང་ལས་འགན་མངོན་འགྱུར་བྱུང་སྟེ། ས་ཁུལ་དང་འཛམ་གླིང་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་གསར་པ་འབུལ་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1