གླང་ཆེན་ཁ་འབབ་ཀྱི་སྟོད་རྒྱུད་དུ་ལོ་1800ལྷག་ཙམ་སོང་བའི་དར་གོས་ཤིག་རྙེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-24


དར་གོས་ཀྱི་དཔྱད་གཞིའི་འདྲ་པར། 

      ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གནའ་རྫས་ཞིབ་འཇུག་ཁང་དང་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་གིས་བོད་ལྗོངས་མངའ་རིས་གླང་ཆེན་ཁ་འབབ་ཀྱི་སྟོད་རྒྱུད་ས་ཁུལ་དུ་གནའ་རྫས་སྔོག་འདོན་བྱེད་སྐབས།  ལོ་ངོ་1800ལྷག་ཙམ་སོང་བའི་བྱ་རིགས་དང་སྲོག་ཆགས་ཀྱི་རི་མོ་འཁོད་པའི་རྒྱལ་བློན་གྱི་གྱོན་ཆས་ཤིག་རྙེད་པ་རེད། དེ་ལས་ཧན་ཅིན་རྒྱལ་རབས་སུ་ས་ཁུལ་དེ་དར་གོས་ལམ་བུའི་རྒྱུད་དུ་གནས་པ་དང་སྐབས་དེ་དུས་མཚོ་བོད་ས་མཐོའི་ནུབ་རྒྱུད་ས་ཁུལ་གྱིས་དར་གོས་ལམ་བུ་བརྒྱུད་ནས་ནང་ཁུལ་དང་རིག་གནས་ཚོང་དོན་སྤེལ་རེས་བྱེད་པ་ར་སྤྲོད་བྱུང་།

      བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་གི་འགོ་གཙོ་གཞོན་པ་ལི་ལིན་ཧུའེ་ཡིས་དར་གོས་དེ་རིགས་དེ་སྔ་ཤིན་ཅང་གི་ཡིང་ཕན་བང་སོ་དང་ཐུ་ལུ་ཧྥན་ཨ་སི་ཐ་ན་བང་སོ་ནས་རྙེད་མྱོང་བ་དེ་དག་ཧན་ཅིན་རྒྱལ་རབས་དུས་ཀྱི་ཡིན་ཞིང་། ད་རེས་བོད་ནས་རྙེད་པའི་དར་གོས་དེའི་ལོ་རབས་ལ་གནའ་རྫས་རིག་པའི་དཔང་རྟགས་མཁོ་འདོན་བྱས་ཡོད་ཅེས་ངོ་སྤྲོད་བྱས།

     ལོ་རྒྱུས་དེབ་ཐེར་ནང་ཞང་ཞུང་རྒྱལ་རབས་ཉུང་མཐར་ཡང་ད་བར་གྱི་ལོ་3800གོང་དུ་ཆགས་པ་དང་སྤྱི་ལོའི་དུས་རབས་བདུན་པའི་གོང་དུ་མངའ་ཐང་རྒྱས་ཤོས་ཀྱི་དུས་སུ་སླེབས་པ་བཀོད་ཡོད། ལི་ལིན་ཧུའེ་ཡིས་དུར་སྦས་ཀྱི་ལོ་རབས་དེ་ད་ནས་རྩིས་པའི་1800ལྷག་ཙམ་གོང་ཡིན་པ་དེ་ཞང་ཞུང་རྒྱལ་རབས་མངའ་ཐང་རྒྱས་པའི་དུས་ཡིན་པར་བརྟེན། པུར་སྒམ་ནང་གི་མི་དེ་ཞང་ཞུང་རྒྱལ་རབས་ཀྱི་སྐུ་དྲག་ཅིག་ཡིན་བཟོ་ཆེ་ཞེས་གསུངས།

       ལི་ལིན་ཧུའེ་ཡིས་ད་ཐེངས་བོད་ནས་རྙེད་པའི་དར་གོས་དེའི་ཐོག་ནས་པུར་སྒམ་ནང་གི་མི་དེའི་སྐབས་དེ་དུས་ཀྱི་སྤྱི་ཚོགས་ཀྱི་གནས་བབ་མཐོ་བ་དང་དེ་ལས་མཚོན་པའི་ནང་དོན་དང་ངོ་བོ་ད་དུང་སྔར་བས་ཞིབ་འཇུག་བྱེད་དགོས་པ་ཞིག་ཡོད་ཅེས་གསུངས།

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1