༄༅། །པོ་ཏཱ་ལར་སྒྲོན་པའི་ཚོན་གྱི་བསྟན་བྱ།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྲིགས། རྩོམ་སྒྲིག་པ།དབང་ཆེན། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 04-29


           ཚང་མས་རྒྱུན་དུ་གཟིགས་གསལ་བཞིན་རྩེ་ཕོ་བྲང་གི་ཤར་ནུབ་གཉིས་ཀྱི་རྩིག་ངོས་དཀར་པོ་དང་། དབུས་ཀྱི་རྩིག་ངོས་དམར་པོ། ཤར་ངོས་དང་གཤམ་འོག་གི་ཁང་པ་འགའ་ཞིག་གི་རྩིག་ངོས་སེར་པོ་བཅས་ཡིན། རྩེ་ཕོ་བྲང་གི་ཕྱིའི་རྩིག་ངོས་སུ་ཚོན་མདོག་དཀར་དམར་སེར་གསུམ་སྒྲོན་དགོས་དོན་ནི་ཕྱིའི་མཛེས་ཆ་ཙམ་ཅི་ནས་མིན་པར། དེར་རང་གི་བསྟན་བྱའི་ནང་དོན་གཏིང་ཟབ་རེ་ལྡན་ཡོད་དེ།  དམར་པོ་ལས་ཁམས་གསུམ་དབང་དུ་བསྡུས་པ་མཚོན་ཞིང་། དཀར་པོ་ལས་ཡོངས་སུ་ཞི་བར་གནས་པ་བསྟན་པ་དང་། སེར་པོ་ལས་ཚེ་དང་བསོད་ནམས་འབྱོར་བ་སོགས་དར་ཞིང་རྒྱས་པ་མཚོན་གྱི་ཡོད།

           ཕོ་བྲང་གི་གཙོ་བོའི་ཚོན་མདོག་དཀར་དམར་གཉིས་ནི་བོད་ཀྱི་ཆོས་སྲིད་ཉི་ཟླ་ཟུང་འབྲེལ་གྱི་མཚོན་ཚུལ་ཞིག་ཡིན་པས་ན། ཕྱི་ངོས་གངས་རི་ཇི་བཞིན་རབ་ཏུ་དཀར་པའི་ཕོ་བྲང་ནི་སྲིད་གཞུང་གི་བྱེད་སྒོ་སྤེལ་སའི་ཕོ་བྲང་དང་། གྲྭ་ཤག བང་མཛོད་སོགས་ཡིན་པ་དང་། དམར་པོ་ནི་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་སའི་མཆོད་ཁང་དང་ལྷ་ཁང་ཤ་སྟག་རེད། རྩིག་ངོས་ལ་སྒྲོན་པའི་ཚོན་མདོག་དང་བཟོ་སྐྲུན་གྱི་བཀོད་པའི་ཐོག་ནས་སྔ་མོའི་སྲིད་ཀྱི་ལམ་ལུགས་དང་ཆོས་ཀྱི་ནང་དོན་ཟབ་མོ་མཚོན་ཐབས་བྱེད་པ་དེ་ཡང་བོད་ཀྱི་ཐུན་མོང་མིན་པའི་རིག་གནས་ཤིག་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1