༄༅། །བྱིས་པའི་ལུས་སེམས་བདེ་ཐང་དང་སློབ་སྦྱོང་སྐོར་གླེང་བ་ལས་བྱིས་པ་ལོ8ཅན་གྱི་སློབ་གསོ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 06-29



— རོལ་རྩེད་དང་ཀུ་རེ་ལ་དགའ་བའི་བྱིས་པ་ལོ8ཅན།


        བྱིས་པ་ལོ8ཅན་གྱིས་རྩལ་སྦྱང་ར་བར་ཕན་ཚུན་བདའ་རེས་བྱེད་པའི་སྣང་ཚུལ་རྒྱུན་པར་མཐོང་ཐུབ་ཅིང་། ཚོགས་པ་ཆུང་ཆུང་གི་རོལ་རྩེད་ལ་ཁོ་ཚོ་ཧ་ཅང་དགའ།ལོ་ན་འདིའི་བུ་ཆུང་ཚོ་སྐད་ཆ་བཙོག་པོའི་དགོད་གཏམ་བཤད་པར་དགའ་ལ། ཕོ་མོ་གང་ཡིན་ཡང་དགོད་བྲོ་བའི་སྐད་ཆ་དང་ཡི་གེ གབ་ཚིག ངག་ལ་བདེ་བའི་སྙན་ཚིག་སོགས་ལ་དགའ། བྱིས་པ་ལོ8ཅན་ནི་ལག་ཤེས་བྱ་འགུལ་ལ་ཡང་དགའ་ཞིང་། དཔེར་ན་ལས་བྱ་འབྲི་བ་དང་གློག་ཀླད་བཀོལ་སྤྱོད། སྐྱ་རིས་འབྲི་བ། ཤིང་དུམ་རྩེད་ཆས་རྩེ་བ་སོགས་ལྟ་བུ། ཡིན་ཡང་། ཁོ་ཚོས་བྱ་བ་འདི་དག་ལེགས་པོར་སྒྲུབ་མི་ཐུབ་པའི་སྐབས་སུ་རང་དམན་གྱི་བསམ་པ་ཤུགས་དྲག་པོ་སྐྱེ་ཞིང་། འགལ་རྐྱེན་ལ་གདོང་གཏོད་པའི་ནུས་པ་ཞན། དཔེར་ན། རོལ་རྩེད་ལས་ཕམ་རྗེས་བློ་ཕམ་པ་དང་། སེམས་སྡུག་པ་དང་ཁོང་ཁྲོ་ལངས་པ་སོགས་བྱེད། བྱིས་པ་ལོ8ཅན་ནི་བཟོད་བསྲན་ཆུང་ལ་སེམས་རྣལ་དུ་འབབ་དཀའ། གལ་སྲིད་བྲིས་ནོར་པ་བསྐྱར་བཅོས་བྱེད་དུ་བཅུག་ཚེ་སུན་སྣང་ཆེན་པོ་སྐྱེ་ལ། བྲིས་ནོར་པ་དེར་གདོང་གཏད་མི་འདོད་པར་གཞོལ་རྩིས་བྱེད་ངེས། རྒྱུན་པར“ཨ་མ། ངས་ཧ་གོ་མ་བྱུང་། ཁྱེད་ཀྱིས་ང་ལ་ཁྲིད་རོགས”“ངས་མི་ཤེས”“ངས་ཤེས་མི་སྲིད”སོགས་ཡིད་ཆེས་མེད་པའི་སྐད་ཆ་བཤད། ཕ་མ་དང་དགེ་རྒན་གྱིས་རྒྱུན་པར“གལ་ཏེ་ཁོས་ནན་ཏན་གྱིས་བསྒྲུབ་ན་འགྲུབ་ཐུབ་མོད། འོན་ཀྱང་སྒྱིད་ལུག་པ་དང་སྒུལ་ཤུགས་མེད་པས། བློ་སེམས་རྩེ་གཅིག་གིས་བྱ་བ་གང་ཞིག་ནན་ཏན་གྱིས་གཏན་ནས་བསྒྲུབ་མ་མྱོང”ཞེས་བཤད་ངེས། དོན་ངོ་མར་བྱིས་པ་ལོ8ཅན་གྱིས་བྱ་དངོས་གསར་པར་ཚོད་ལྟ་ཡང་ཡང་བྱེད་སྐབས་ཏག་ཏག་རང་དམན་གྱི་བསམ་པ་དང་འཐབ་འཛིང་བྱེད་བཞིན་ཡོད། གཏན་འཁེལ་བྱེད་མི་ཐུབ་པའི་རང་བཞིན་དེ་ནི་ལོ་ན9ལ་བུད་རྗེས་མཐོ་རླབས་སུ་སླེབས་ཡོད།

(གཅིག) རང་གི་ནུས་ཚད་ལས་བརྒལ་བའི་བྱིས་པ་ལོ8ཅན།

        བྱིས་པ་ལོ8ཅན་ནི་རྒྱུན་པར་རང་གི་ནུས་ཚད་ལས་བརྒལ་བའི་བྱ་བར་འགྲན་སློང་བྱེད་པར་དགའ་ཞིང་། རང་གི་ནུས་པར་ཡིད་ཆེས་བྱེད་པ་མཐོ་དྲགས་ངེས། ཡིན་ཡང་། དགའ་འོས་པ་ནི་དུས་སྐབས་འདིའི་བྱིས་པའི་བྱ་སྤྱོད་ལ་མཉེན་ཆ་ཆེན་པོ་ལྡན་ལ་ནོར་འཆུག་དེ་མ་ཐག་ནས་བསྒྱུར་བཅོས་བྱེད་ཐུབ། བྱིས་པ་ལོ8ཅན་གྱི་འགྲོ་བསྐྱོད་ཧ་ཅང་མགྱོགས་ཤིང་བྱ་བ་སྒྲུབ་ན་སྟོབས་ཤུགས་ཀྱིས་ཁེངས་ཡོད། ཕྱི་རོལ་ཡུལ་གྱི་བྱ་འགུལ་ལ་དུས་ཚོད་མང་པོ་དགོས་ཤིང་རྐང་འཁོབ་ལག་འཁོབ་ཡིན་ལ། ཉེ་འཁོར་ལ་དོ་སྣང་ཆེན་པོ་བྱེད་མི་ཐུབ་ཀྱང་མིག་གི་མཐོང་ཚད་ཧ་ཅང་བཟང་། ཁོ་ཚོ་ཚོགས་པའི་ནང་ལ་ཞུགས་པ་དང་དགོད་གཏམ་བཤད་པ། མཉམ་འབྲེལ་སྒོས་བྱ་བ་སྒྲུབ་པར་དགའ། ཁོ་ཚོ་གྲོགས་པོ་སྒྲིག་པར་དགའ་བས་བྱིས་པ་ལོ8ཅན་གྱི་གྲོགས་པོ་ནི་ལོ7ཅན་ལས་མང་བ་རེད།

(གཉིས)བྱིས་པ་ལོ8ཅན་ནི་འཚར་ལོངས་བྱུང་ཚད་ཤིན་ཏུ་མགྱོགས།

        བྱིས་པ་ལོ8ཅན་ནི་འཚར་ལོངས་བྱུང་ཚད་མགྱོགས་ཤིང་ཡར་རྒྱུག་མར་རྒྱུག་བྱེད་པར་དགའ་བར་མ་ཟད། ལུས་སྟོབས་ཆེ་ལ་འགུལ་སྐྱོད་ཀྱི་ཚད་ཧ་ཅང་ཆེ། ཁོ་ཚོས་རྩལ་སྦྱང་ར་བར་ཚན་ཆུང་བགོས་ནས་རྩེད་མོ་རྩེ་བ་དང་རྩེད་རོགས་དང་མཉམ་དུ་ཕྱི་རོལ་དུ་རོལ་རྩེད་རྩེ་བར་དགའ། དཔེར་ན། གླག་གིས་བྱེའུ་ཕྲུག་འཛིན་པ་ལྟ་བུ། སེམས་པ་ཡོད་ཚད་རོལ་རྩེད་ལ་འཁོར་ནས་རྒྱུན་པར་ཨ་ཐང་ཆད་རག་བར་དུ་མཚམས་མི་འཇོག དེ་བས། ཁྱིམ་བདག་ལ་ལས་རང་གི་བྱིས་པར་འགུལ་མང་ནད་བྱུང་བར་དོགས་པ་ཟ་བཞིན་འདུག སློབ་གསེང་གི་སྐབས་སུ་བྱིས་པ་ལོ8ཅན་ནི་རྩལ་སྦྱང་ར་བར་སོང་ནས་འགུལ་སྐྱོད་ཅུང་ཙམ་བྱེད་དུ་བཅུག་ན་སློབ་ཁྲིད་སྐབས་སུ་བློ་རྩེ་གཅིག་ལ་སྒྲིམ་པར་ཕན་པ་ཆེན་པོ་ཡོད། བྱིས་པ་ལོ8ཅན་གྱི་ཤ་གནད་ཆུང་བའི་ཞིབ་ཕྲའི་འགུལ་སྟངས་སྨིན་ཐག་ཆོད་ཡོད་པས། སྐབས་འདིའི་སྨྱུ་གུའི་འཛིན་སྟངས་ལ་མི་དར་མ་དང་གཅིག་མཚུངས་ཀྱི་བླང་བྱ་བཏོན་ཆོག གལ་ཏེ་སྨྱུ་གུ་འཛིན་སྟངས་ཚད་ལྡན་མིན་ན་སྨྱུག་འཛིན་འཕྲུལ་ཆས་བཀོལ་ནས་གོམས་གཤིས་བསྒྱུར་དུ་བཅུག་ཆོག བྱིས་པ་ལོ8ཅན་གྱིས་སྒོ་སམ་ངོས་ཀྱི་ནང་དོན་བཤུ་འབྲི་བྱེད་ཐུབ་པར་མ་ཟད། ནང་དོན་ཅུང་རྙོག་འཛིང་ཡིན་པའི་ལས་བྱའི་ནང་དོན་ཡང་རང་གིས་ཐག་གཅོད་ཐུབ།

(གསུམ)བརྩོན་པ་ཆེ་བའི་བྱིས་པ་ལོ8ཅན།

        དུས་སྐབས་འདིའི་བྱིས་པར་བརྩོན་འགྲུས་ཧ་ཅང་ཆེ་ཞིང་ཁོ་ཚོས་གང་ནུས་སྒོས་ཕར་སྤྲད་པའི་ལས་འགན་ལེགས་འགྲུབ་བྱེད་ངེས། སྐབས་ལ་ལར་རང་གི་ནུས་པར་རང་ཚོད་མ་ཟིན་པར་འུར་བསྟོད་ཀྱང་བྱེད་སྲིད། རྒྱལ་ཁ་ཆུང་ཆུང་ཞིག་བླངས་ཚེ་དགའ་སྤྲོ་ཆེན་པོ་སྐྱེས་ནས་ཡིད་ཆེས་ཀྱིས་ཁེངས་ལ། ཁོ་ཚོ་ཚོགས་པ་བསྒྲིགས་ནས་མཉམ་འབྲེལ་བྱེད་པར་དགའ་ཞིང་དེ་ལྟར་སྒྲུབ་པའི་བྱ་བར་ལས་ཕྱོད་མཐོ་ལ་འགན་ཡང་འཁུར་བ་རེད། ཐུན་མོང་གི་རྣམ་པ་དང་འཆམ་མཐུན་གྱི་རྣམ་པ་འཛུགས་ཐུབ། ཕོ་མོའི་གླེང་གཞི་གལ་ཆེན་ལ་བརྩི་བ་དང་དྲང་བདེན་རང་བཞིན་གྱི་གནད་དོན་ལ་སྤྲོ་བ་ཆེ་བ་དང་། རང་ལས་བརྒལ་བའི་ཀུན་སྤྱོད་ཀྱི་འགན་འཁྲི་རིམ་བཞིན་ཇེ་དྲག་ཏུ་འགྲོ་བ་རེད།

        ཁོ་ཚོ་སློབ་གྲྭའི་ལས་བྱའི་གོ་རིམ་དང་མཇུག་འབྲས་ལ་སྤྲོ་བ་ཡོད་པ་དང་། དགེ་རྒན་དང་སློབ་གྲོགས་ཀྱི་དཔྱད་འཇོག་གཙིགས་ཆེན་དུ་འཛིན་པ་རེད། བྱིས་པ་ལོ8ཅན་ལ་འཆར་གཞིའི་ནུས་པ་སྔར་ལས་ལྡན་ཞིང་། བྱ་བའི་འཕེལ་རིམ་ཇི་ལྟར་ཡིན་པ་དང་། ཐོན་ཁུངས་རྩ་འཛུགས་ཇི་ལྟར་བྱེད་པ། དམིགས་འབེན་ལ་ཇི་ལྟར་སླེབས་པ་སོགས་ལ་སྤྲོ་བ་ཡོད། དུས་སྐབས་འདིའི་བྱིས་པ་རང་བྱུང་སྐྱེ་ཁམས་ཀྱི་ཁོར་ཡུག་དང་འཚོལ་ཞིབ། རང་ངོས་ཀྱི་མྱོང་བ་ལ་ཡང་སྤྲོ་བ་ཆེན་པོ་ལྡན།

(བཞི)བྱིས་པ་ལོ8ཅན་གྱི་འབྲི་ཀློག་གི་ནུས་པ།

        བྱིས་པ་ལོ8ཅན་གྱིས་སྒེར་ཚུགས་ཀྱིས་དཔེ་ཀློག་བྱེད་ཐུབ་པ་མ་ཟད། རྩོམ་ཡིག་གི་སྲོག་ཤིང་བསམ་བློ་སྤྱི་བསྡོམས་བྱེད་ཐུབ་པ་དང་། དཔེ་ཀློག་ལ་གོ་བ་ལེན་པའི་ནུས་པ་མགྱོགས་མྱུར་སྒོས་འཕེལ་རྒྱས་འགྲོ་བ་དང་། མིང་ཚིག་བར་གྱི་གཏན་ཚིགས་ཀྱི་འབྲེལ་བར་གོ་བ་ལེན་ཐུབ། ཞིབ་བརྗོད་རང་བཞིན་དྲག་པོ་ལྡན་པའི་སྐད་ཆས་གཏམ་རྒྱུད་འབྲི་ཐུབ་ལ། རྩོམ་འབྲིའི་རིགས་སྣ་ཚོགས་དང་གོ་རིམ་ལྡན་པར་ཞིབ་བརྗོད་གཏམ་རྒྱུད་འབྲི་བར་དགའ།

(ལྔ)བྱིས་པ་ལོ8ཅན་གྱི་ཕ་མས་གང་ལ་མཉམ་འཇོག་དགོས།

        བྱིས་པ་ལོ8ཅན་གྱིས་ཨ་མའི་རྣམ་འགྱུར་ལ་དང་དོད་ཆེན་པོ་བྱེད་པས་གོ་སྐབས་འདི་སྤྱད་ནས་གྲོས་མོལ་མང་པོ་བྱས་ཆོག དཔེར་ན། བྱ་བ་ག་གེ་མོ་ཞིག་བསྒྲུབས་པའི་རྗེས་ལ་ཨ་མས་དུས་ཚོད་ཅུང་མང་པོ་སྤྱད་ནས་བྱིས་པ་དང་མཉམ་དུ་བྱ་བ་སྒྲུབ་ཆོག་ལ། དུས་སྐབས་འདིའི་བྱིས་པས་ཨ་མར་ངོ་དགའ་བྱས་ནས་ཨ་མས་བསྟོད་བསྔགས་དང་དོ་ཁུར་ཐོབ་པར་རེ་ལྟོས་ཆེན་པོ་བྱེད་པས། ཨ་མ་རྣམས་ཀྱིས་ཁོ་ཚོར་བསྟོད་བསྔགས་དང་སྐུལ་མ་ཡང་ནས་ཡང་དུ་བྱེད་འོས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1