༄༅། །གཉན་པོ་གཡུ་རྩེའི་འདབས་རོལ་གྱི་ལྗང་མདོག་འཕེལ་རྒྱས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 06-29



འབྲོག་ཁྱིམ་ཞིག་གི་བསམ་གཞིགས།

        ཚེ་བརྟན་གྱིས“སྐྱེ་ཁམས་བདག་སྐྱོང་པའི”ལས་ཀའི་དཔང་ཡིག་བཟུང་ནས་གཅིག་སྒྲིལ་རྫོང་སོག་རུ་མ་ཞང་སོག་རུ་སྡེ་བའི་རི་མགོ་ཞིག་ཏུ་རྒྱང་ལྟ་བྱེད་བཞིན་འདུག

        ཁོའི་མདུན་ཕྱོགས་ནི་གཉན་པོ་གཡུ་རྩེ་རེད། གཉན་པོ་གཡུ་རྩེ་ནི་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་སོག་རུ་མ་ཞང་གི་ཁོངས་སུ་ཡོད་ལ། གཙོ་རི་མཚོ་ངོས་ལས་མཐོ་ཚད་སྨི5369ཡོད།

        སྔོན་ཆད་གནས་དེ་ནི་ཚེ་བརྟན་ཚང་གི་དབྱར་ས་ཡིན་ཞིང་། རྟར་བཞོན་ནས་ཕྱུགས་འཚོ་བ་ནི་ཚེ་བརྟན་གྱི་རྒྱུན་གཏན་གྱི་འཚོ་བ་ཞིག་ཡིན། དེང་སྐབས། སྐྱེ་ཁམས་བདག་སྐྱོང་པ་ཞིག་ཏུ་གྱུར་པས། གཉན་པོ་གཡུ་རྩེ་ནི་ཁོས་ཉིན་ལྟར་སྲུང་སྐྱོབ་བྱ་ཡུལ་ཞིག་ཏུ་གྱུར་ཡོད་ལ། རི་སྐོར་བདག་སྐྱོང་བྱ་རྒྱུ་ནི་ཁོའི་ཉིན་རེའི་ལས་ཀ་གཙོ་བོ་ཡིན།

        ཚེ་བརྟན་ནི་གཅིག་སྒྲིལ་རྫོང་སོག་རུ་མ་ཞང་སོག་རུ་སྡེ་བ་ཧྲེ་གསུམ་པའི་འབྲོག་པ་ཞིག་ཡིན་པ་དང་། སོག་རུ་སྡེ་བ་ནི་ཁོ་ཚང་གི་མི་རབས་མི་རྒྱུད་འཚོ་སའི་རུ་སྡེ་ཡིན།

        “ཁྱེད་ཀྱི་བག་ཆགས་ཁྲོད་ཆུང་དུས་ཀྱི་གཉན་པོ་གཡུ་རྩེ་དང་ད་ལྟ་གཉིས་ལ་མི་འདྲ་ས་ཅི་ཞིག་འདུག”

        “ད་ལྟའི་གཉན་པོ་གཡུ་རྩེ་དང་ཆུང་དུས་མཐོང་བའི་གཉན་པོ་གཡུ་རྩེ་གཉིས་དངོས་གནས་མི་འདྲ་ས་ཡོད་དེ། ལོ་འདི་དག་གི་ནང་དུ་གནའ་བ་དང་། ཁྲུང་ཁྲུང་སྐེ་ནག སྤྱང་ཀི ཤྭ་བ་མཆུ་དཀར་སོགས་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་བྱེད་བཞིན་པའི་རི་སྐྱེས་སྲོག་ཆགས་མཐོང་རྒྱུ་འདུག་ཅིང་། ངས་ད་དུང་གཉན་པོ་གཡུ་རྩེའི་ཆུ་མིག་ཇེ་མང་དུ་འགྱུར་བཞིན་པ་མཐོང་བྱུང་།”ཚེ་བརྟན་གྱིས་དེ་ལྟར་བཤད།

        ཚེ་བརྟན་ཚང་གི་དགུན་ས་སོག་རུ་སྡེ་བར་ཡོད་ལ། དབྱར་ས་གཉན་པོ་གཡུ་རྩེའི་མཐའ་འཁོར་གྱི་གྲམ་ཐང་དུ་ཡོད། ཁྱིམ་ཚང་ལ་བསྡོམས་པས་ནོར་གནག་ཁ་གྲངས80ཡོད་པ་དང་། ལོ་རེར་སྔོན་རྩིས་བྱས་ན་བཤས་རར་གཏོང་ཚད་ཀྱི་ཁ་གྲངས20ཟིན་ལ། ལོ་གཅིག་གི་ཡོང་འབབ་སྒོར་ཁྲི10ཡིན། ཚེ་བརྟན་གྱིས་དེ་སྔ་རང་ཁྱིམ་གྱི་ནོར་ཁྱུ་སྔར་ལས་འཕེལ་དུ་བཅུག་ནས་ཡོང་འབབ་མང་ཙམ་རེག་ཐབས་བྱེད་བསམ་མོད།འོན་ཀྱང་ཁོས་དེ་ལྟར་མ་བསྒྲུབས།

        “སོག་རུ་སྡེ་བའི་སྡེ་མི་ཚང་མར་རྩྭ་ཕྱུགས་དོ་མཉམ་ཡོང་བ་རྒྱུན་སྲུང་བྱེད་རྒྱུའི་བསམ་ཚུལ་ཡོད།” ཚེ་བརྟན་གྱིས་ནོར་མང་པོ་འཚོས་ནས་བཤས་རར་གཏོང་ཚད་ཇེ་མང་དུ་བཏང་ན་ཡོང་འབབ་ཇེ་མང་དུ་འགྲོ་བ་ཤེས་ཀྱིན་ཡོད་མོད། འོན་ཀྱང་ཁོ་ཚོས་རྩྭ་ཐང་གི་ཐེག་ནུས་ལ་བསམ་གཞིག་བྱེད་དགོས་པའི་གནས་ལུགས་དེ་ཡང་ཤེས་ཡོད། གལ་སྲིད་རྩྭ་ཐང་ཉམས་ཞན་དུ་སོང་ནས་ས་ནག་ཐང་དུ་གྱུར་ཚེ་སླར་གསོ་ཐུབ་པར་ལོ5ནས8བར་འགོར་གྱིན་ཡོད། སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་སྐྱེད་གཉིས་ཀར་ལྟ་རྟོག་བྱེད་ཆེད། རྩྭ་ཐང་དུ་ཕྱུགས་ཟོག་ཚད་བརྒལ་གྱིས་འཚོ་མཁན་མེད་པ་དང་། རྩྭ་སའི་རྒྱ་ཁྱོན་ལྟར་ཕྱུགས་ཟོག་འཚོ་བའི་འདུ་ཤེས་དེ་སྡེ་མི་ཚོའི་སེམས་ལ་ཟུག་ཡོད།

སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་ཞིག

        རྩྭ་ཕྱུགས་དོ་མཉམ་ཡོང་དགོས་ན། རྩྭ་ཐང་གི་ཐེག་ཚད་ཆེ་ཤོས་ལ་གཞིགས་ནས་ཕྱུགས་ཟོག་ག་ཚོད་གསོ་དགོས་པ་ཐག་གཅོད་དགོས། ཚེ་བརྟན་ཚང་དང་བར་ཐག་སྤྱི་ལེ་ཁ་ཤས་ཀྱི་ས་རུ་སོག་རུ་མ་ཞང་སོག་རུ་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ཡོད།

        “སོག་རུ་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ནི2011ལོར་བཙུགས་པ་དང་། ད་རག་བར་རིམ་རྩིས་བྱས་ན་ལས་གཞི་ལག་བསྟར་བྱེད་པར་མ་དངུལ་སྒོར་ཁྲི1480བཏང་ཡོད།” སོག་རུ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གུ་རུ་སྐྱབས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན།2010ལོར་མཉམ་ལས་ཁང་སྐྲུན་མགོ་ཚུགས་པ་དང་མ་དངུལ་སྒོར་ཁྲི20བཏང་ཞིང་། 2014ལོར་ཕྱུགས་རིགས་གསོ་སྤེལ་རྟེན་གཞིར་མ་དངུལ་སྒོར་ཁྲི210བཏང་ནས་ཕྱུགས་ཟོག600ཉོས་པ་ཡིན། 2019ལོར་ཧྲང་ཧའེ་ཡིས་རོགས་སྐྲུན་བྱས་པ་སོགས་ཀྱི་མ་དངུལ་སྒོར་ཁྲི1250སྡེབ་སྒྲིག་བྱས་ནས། ཚད་གཞི་མཐོ་བའི་ཕྱུགས་ཁང་དང་། རྩྭ་ཁང་། ལས་སྒོར་སྤྱོད་པའི་ཁང་པ་དང་ཉི་འོད་དྲོད་ཁང་དང་དེ་མིན་རྒྱ་ཁྱོན་སྨི་གྲུ་བཞི་མ1500ཡོད་པའི་འབྲོག་ལས་ཐོན་རྫས་ལས་སྣོན་དང་།གསོག་ཉར།འགྲེམ་སྟོན་བཅས་གཞི་གཅིག་ཅན་གྱི་ཐོན་ལས་འཕེལ་རྒྱས་རྟེན་གཞི་བསྐྲུན་ཡོད།

        འབྲོག་ལས་ཆེད་ལས་མཉམ་ལས་ཁང་བཙུགས་རྗེས་སྡེ་མི་ཚོས་ཕྱུགས་འཚོ་བའི་དོན་དག་སྣ་ཚོགས་ལ་སེམས་ཁྲལ་བྱེད་མི་དགོས་པ་དང་། ཚན་རིག་དང་མཐུན་པའི་གསོ་སྤེལ་གྱིས་ཚང་མའི་ཡོང་འབབ་ལོ་རེ་བཞིན་ཇེ་མང་དུ་གཏོང་བཞིན་ཡོད། 2021ལོར་སོག་རུ་སྡེ་བའི་སྡེ་མིའི་མི་རེའི་ཆ་སྙོམས་སུ་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར8300དང་། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི3རེད།

        2019ལོར་སོག་རུ་སྡེ་བས་གྲོང་གསེབ་དར་སྤེལ་འཐབ་ཇུས་དཔེ་སྟོན་ཚོད་ལྟའི་ལས་གཞི་ལག་བསྟར་བྱས་པའི་ཚུན་ལ། མཉམ་ལས་ཁང་གིས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པས་ཕྱུགས་ལས་ཁེ་ལས་མང་པོ་ཞིག་ཉོ་སྒྲུབ་བྱེད་པར་ཡོང་བས། གཉེར་སྐྱོང་འཁོར་སྐྱོད་རྒྱུན་ལྡན་ཡིན་པ་དང་འཕེལ་རྒྱས་ཀྱི་རྣམ་པ་བཟང་།

        “མིག་སྔར་མཉམ་ལས་ཁང་གིས་རྩྭ་ར་མུའུ་ཁྲི40སྡེབ་སྒྲིག་བྱས་པས། མཉམ་ལས་ཁང་དུ་ཞུགས་པའི་འབྲོག་ཁྱིམ200ཡོད་པ་དང་ད་ལྟ་ཕྱུགས་ཟོག900ཡོད་པས2021ལོར་ཡོང་འབབ་སྒོར་ཁྲི22ཡོད།” གུ་རུ་རྒྱལ་གྱིས་བཤད་རྒྱུར། ཚན་རིག་དང་མཐུན་པའི་ངང་ནོར་ཁྱུ་གསོ་སྤེལ་བྱེད་པའི་རྨང་གཞིའི་ཐོག་མཉམ་ལས་ཁང་གིས་ཀྱང་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་རྒྱུན་ཆད་མེད་པར་མང་དུ་གཏོང་བཞིན་ཡོད། སྔོན་དཔག་བྱས་ན་ད་ལོར་འོ་མའི་བཟོ་གྲྭ་བསྐྲུན་ནས་བེད་སྤྱོད་བྱ་རྒྱུ་རེད།

མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཁེ་ལས་ཤིག

        ཚེ་བརྟན་གྱིས་འུར་ཆ་ཐོགས་ཏེ་ཕྱུགས་འཚོ་བའི་སྐབས་ཤིག་ལ། ཧྲང་ཧའེ་ཡི་རང་འདེམས་ཚོང་ཁང་ཞིག་གི་འཁྱགས་སྒྲོམ་ནང་དུ་ཚེ་བརྟན་ཚང་གིས་བཙོངས་པའི་སྐམས་ཤ་དུམ་བུར་བགོས་ནས་འཁྱག་ཉར་བྱས་ཏེ། ཚོང་མགྲོན་རྣམས་ཀྱིས་གདམ་ག་བྱ་རྒྱུར་སྒུག་ཡོད། རྒྱང་རིང་གི་གཅིག་སྒྲིལ་རྫོང་གི་སྐམས་ཤ་ཇི་ལྟར་ཧྲང་ཧའེ་ཡི་རང་འདེམས་ཚོང་ཁང་དུ་སླེབས་པ་རེད། འདིའི་ཐད་ནས“5369”མི་གླེང་ཀ་མེད་བྱུང་།“5369”ནི་སོག་རུ་སྡེ་མི་དང་མཉམ་ལས་ཁང་གིས་དུས་རྒྱུན་གླེང་བཞིན་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཁེ་ལས་ཤིག་ཡིན་ཞིང་། “ཁྱིམ་ཚང་གི་ནོར་དེ་སུ་ལ་བཙོངས་པ་ཡིན།”“5369ལ་བཙོངས་པ་ཡིན།” “མཉམ་ལས་ཁང་གི་ཕྱུགས་སུས་ཉོས་སམ། ” “5369ཡིས་ཉོས་པ་རེད། ” “5369”ཡིས་ཅི་ཞིག་མཚོན་བཞིན་ཡོད་དམ། གཅིག་སྒྲིལ་རྫོང་མཁར་དུ་ཡོད་པའི་མཚོ་སྔོན་གྱི་ལྔ་གསུམ་དྲུག་དགུ་ཕྱུགས་ལས་ཚན་རྩལ་ཚད་ཡོད་ཀུང་སིར་བསྐྱོད་པ་ན་གསར་འགོད་པས་དྲིས་ལན་རྙེད་བྱུང་།

        “མཚོ་སྔོན་ལྔ་གསུམ་དྲུག་དགུ་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་ཚད་ཡོད་ཀུང་སི་ནི2011ལོའི་མཚོ་སྔོན་ཉོ་འཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུའི་སྟེང་ཚོང་འགུག་དངུལ་འདྲེན་བྱས་པའི་ཁེ་ལས་ཤིག་ཡིན་ལ། ཧྲང་ཧའེ་ཡིས་མགོ་ལོག་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཁེ་ལས་ཤིག་ཀྱང་ཡིན། ད་ལྟ་གསོ་སྤེལ་དང་། ལས་སྣོན། འཁྱག་སྦྲེལ། ཟོང་རྟགས་བཅས་གཞི་གཅིག་ཅན་གྱི་ཐོན་ལས་སྦྲེལ་ཐག་ཧྲིལ་པོའི་ཁེ་ལས་ཤིག་ཏུ་གྱུར་ཡོད།”མཚོ་སྔོན་ལྔ་གསུམ་དྲུག་དགུ་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་གཅིག་སྒྲིལ་རྫོང་བཟོ་གྲྭའི་མགོ་གཙོ་ཁྲེན་ལིན་ཧྥེང་གིས་ངོ་སྤྲོད་བྱས་པ་ལྟར་ན། ཀུང་སི་དེའི་གནག་ཕྱུགས་ཐོན་ཡུལ་དེ་མཚོ་ངོས་ལས་མཐོ་ཚད་ལ་སྨི5369ཡོད་པའི་གཉན་པོ་གཡུ་རྩེའི་མིང་ལ་བརྟེན་ནས་དེ་ལྟར་ཐོགས་པ་དང་། ད་སྐབས་གཅིག་སྒྲིལ་རྫོང་གི་སྐམས་ཤ་དང་ལུག་ཤའི་ཟོང་རྟགས་གྲགས་ཅན་ཞིག་ཏུ་གྱུར་ཡོད།

        “5369”ཡི་དམིགས་འབེན་ནི་གཅིག་སྒྲིལ་རྫོང་གི་སྐམས་ཤ་སྤུས་ལེགས་དེ་ལས་སྣོན་ཞིབ་ཚགས་རབ་དང་རིམ་པ་བྱས་པ་བརྒྱུད་ནས་ས་ཆ་གཞན་གྱི་ཟས་ཅོག་སྟེང་དུ་བསྐྱལ་རྒྱུ་དེ་ཡིན།

        “ང་ཚོས་མཚོ་བོད་མཐོ་སྒང་གི་དེང་རབས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ལ་སྟོབས་ཤུགས་གང་ཡོད་འདོན་རྒྱུ་ཡིན་ལ།“5369”སྤུས་དག་སྐམས་ཤ་གོ་ལ་ཧྲིལ་པོའི་སྣེ་འདྲེན་ཟོང་རྟགས་སུ་བསྐྲུན་པར་སྟོབས་ཤུགས་ཡོད་རྒུ་བཏོན་ཏེ། མཚོ་སྔོན་ནོར་གནག་འཛམ་གླིང་ཀུན་ཏུ་ཤེས་སུ་འཇུག་རྒྱུ་དང་། མཚོ་སྔོན་ནོར་གནག་འཛམ་གླིང་ཕྱོགས་སུ་བསྐྱོད་ཐུབ་པ་བྱེད་རྒྱུ་ཡིན”ཁྲེན་ལིན་ཧྥེང་གིས་དེ་ལྟར་བཤད་བྱུང་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1