རྟའི་འཕྲོད་བསྟེན་བདེ་འཇགས་འགན་ལེན་གྱིས་རིམས་འགོག་སྲུང་མཚམས་ཇེ་བརྟན་དུ་བཏང་།

འཕྲིན་སྤེལ་བ། དཔལ་མགོན། བཀྲ་ཤིས་ལྷ་མོ། རྩོམ་སྒྲིག་པ།སངས་རྒྱས་ནོར་བུ།ཡོང་ཁུངས། སྤེལ་དུས། 08-09


    ཟླ8པའི་ཚེས6ཉིན། ཀྲུང་ཧྭ་མི་རིགས་ཀྱི་རྟ་རྒྱུག་འགྲན་ཚོགས་ཆེན་མོ་མཛོད་དགེ་རྫོང་རྨ་རྒྱུད་རྟ་མཆོག་ཨ་མདོའི་རྟ་རྒྱུག་དུས་སྟོན་སྐབས་བཅུ་པ་བདེ་བླག་ངང་མཇུག་སྒྲིལ།  སྐབས་འདིའི་རྟ་རྒྱུག་དུས་སྟོན་བདེ་བླག་ངང་སྤེལ་ཞིང་འགྲན་ཞུགས་རྟ་བོ་དང་འགྲན་རའི་ཕྱི་ནང་གི་སྲོག་ཆགས་ཀྱི་རིམས་འགོག་བདེ་འཇགས་འགན་ལེན་ཆེད།   འགྲན་བསྡུར་རིང་མཛོད་དགེ་རྫོང་ཚན་རྩལ་ཞིང་ཕྱུགས་ཅུས་ཀྱིས་རྫོང་གི་སྲོག་ཆགས་རིམས་འགོག་ཆེད་ལས་ལག་རྩལ་མི་སྣ་དང་།  ས་གནས་ཁག་གི་ཕྱུགས་རིགས་སྨན་པའི་ཞབས་ཞུ་ལྟེ་གནས་ཀྱི་ལས་དོན་མི་སྣ་རྩ་འཛུགས་བྱས་ཏེ།  རྟ་རྒྱུག་དུས་སྟོན་སྐབས་བཅུ་པའི་འོས་འགན་སྨན་བཅོས་ཞབས་ཞུ་རུ་ཁག་བཙུགས་ནས།   སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ལས་སྒོ་གང་ལེགས་སྤེལ་ནས། འགྲན་ཞུགས་རྟ་བོར་འགྲན་སྡུར་བརྒྱུད་རིམ་ཧྲིལ་བོར་རིམས་འགོག་འགན་ལེན་ཞབས་ཞུ་འདོན་སྤྲོད་གནང་།

    རྫོང་ཚན་རྩལ་ཞིང་ཕྱུགས་ཅུས་ཀྱིས་ཉམས་མྱོང་ཕུན་སུམ་ཚོགས་པའི་ཕྱུགས་སྨན་ཆེད་ལས་ལག་རྩལ་མི་སྣ་རྩ་འཛུགས་བྱས་ཏེ། སྔོན་ཚུད་ནས་འཕྲལ་སྡོམ་འགན་ལེན་ཚན་ཆུང་བཙུགས་ནས་སྨན་རྫས་དང་དངོས་ཟོག་འདང་ངེས་གྲབས་གསོག་སྒོས།  མྱུར་སྐྱོབ་ཁུག་མ་བཀོད་སྒྲིག་བྱས་ཏེ།  དུས་དང་རྣམ་པ་ཀུན་ཏུ་ཡུལ་དངོས་ནས་འགྲན་ཞུགས་རྟ་བོ་དང་སྲོག་ཆགས་གཞན་གྱི་རིམས་འགོག་ལས་འགན་ཁུར་ནས། ཉིན་རེ་བཞིན་དུ་འགྲན་རའི་ཕྱི་ནང་གཉིས་ལ་དུག་སེལ་གང་ལེགས་བྱས།

    ཐེངས་འདིའི་རྟ་རྒྱུག་དུས་སྟོན་རིང་། འོས་འགན་སྨན་བཅོས་ཞབས་ཞུ་རུ་ཁག་གིས་ཡུལ་དངོས་ནས་སྲོག་ཆགས་སྣ་ཚོགས་ཀྱི་རྨས་སྐྱོན་སོགས་རིམས་ནད20ལྷག་ལ་སྨན་བཅོས་འོས་འཚམ་བྱས་ཏེ།  ཐེངས་འདིའི་རྟ་རྒྱུག་བྱེད་སྒོ་བདེ་བླག་ཡོང་བར་འགན་ལེན་ཆེད་ནུས་ཤུགས་སྐྱེས་སུ་ཕུལ་ནས། ཀྲུང་ཧྭ་མི་རིགས་ཀྱི་རྟ་རྒྱུག་འགྲན་ཚོགས་ཆེན་མོ་མཛོད་དགེ་རྫོང་རྨ་རྒྱུད་རྟ་མཆོག་ཨ་མདོའི་རྟ་རྒྱུག་དུས་སྟོན་སྐབས་བཅུ་པའི་རིམས་འགོག་འགན་ལེན་ལས་འགན་ཡོངས་སུ་ལེགས་འགྲུབ་བྱས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1