འཛམ་ཐང་གིས་འབྲུ་སེའུ་བཏབས་ནས་ཕྱུག་འགྱུར་བགྲོད་ལམ་བཏོད།

རྩོམ་སྒྲིག་པ།ཡོང་ཁུངས།རྔ་སྒྲ། སྤེལ་དུས། 08-22


འཛམ་ཐང་གིས་འབྲུ་སེའུ་བཏབས་ནས་མང་ཚོགས་ཕྱུག་འགྱུར་འབབ་འཕར་ཡོང་བའི་བགྲོད་ལམ་ཁོད་ཇེ་ཡངས་སུ་བཏང་།

        ཉེ་ཆར། འཛམ་ཐང་རྫོང་བུག་རྗེ་ཡུལ་ཚོའི་བུག་རྗེ་སྡེ་བའི་འབྲུ་སེའུ་འདེབས་འཛུགས་ཚོད་ལྟའི་རྟེན་གཞི་རུ་བྱུ་རུ་དམར་ཆུང་འདྲ་བའི་འབྲུ་སེའུ་རེ་རེ་ཡལ་གའི་ངོས་སུ་སྨིན་ཡོད་པ་དང་མཁའ་དབྱིངས་སུ་འབྲུ་སེའུ་ཡི་དྲི་ཞིམ་འཐུལ།

        འཛམ་ཐང་རྫོང་བུག་རྗེ་ཡུལ་ཚོའི་བུག་རྗེ་སྡེ་བ་ནི་ལུང་ཁུག་ཏུ་གནས་ཤིང་། ནམ་ཟླའི་ཆ་རྐྱེན་ཞན་ལ་ས་ཞིང་དཀོན་པས་སྡེ་མི་རྣམས་ཀྱིས་རྒྱུན་དུ་ནས་དང་ཞོག་ཁོག་བཏབས་ནས་འཚོ་བའི་དགོས་མཁོ་སྐོང་བཞིན་ཡོད་མོད། ལོ་ཏོག་ལ་བརྟེན་ནས་ཡོང་འབབ་གཞན་བཙལ་ཐབས་མེད་པས་དོན་འདིར་སྡེ་སྡོད་ཧྲུའུ་ཅི་དང་བོ་བསོད་ནམས་སྟོབས་ཀྱིས་བསམ་བློ་མང་བོ་བཏང་། ཐེངས་ཤིག་བསོད་ནམས་སྟོབས་ཀྱིས་ཞིང་འགྲམ་གྱི་ཐང་རྒོད་དུ་རི་སྐྱེས་འབྲུ་སེའུ་འཚར་སྐྱེ་ལེགས་པ་མཐོང་རྗེས་བྲོ་བ་མྱོང་བར་དེའི་བྲོ་བའང་ཞིམ་པ་ཤེས་རྟོགས་བྱུང་བས་འབྲུ་སེའུ་འདེབས་འཛུགས་བྱེད་པའི་བསམ་བློ་སྐྱེས།

        འབྲུ་སེའུ་འདེབས་འཛུགས་བྱེད་ཆེད་བསོད་ནམས་སྟོབས་ཁྲེང་ཏུའུ་ཡི་ཁྲོམ་རར་སོང་ནས་རྟོག་ཞིབ་བྱས་རྗེས། འབྲུ་སེའུ་འདེབས་སྐྱོང་བྱེད་སླ་བ་དང་མཐོ་སྒང་དང་རི་གཤོང་དུ་འདེབས་འཛུགས་བྱེད་འཚམ་པ་རྟོགས་ཤིང་། འདེབས་འཛུགས་བྱེད་པར་དུས་ཚོད་དང་ནུས་ཤུགས་མང་བོ་མི་དགོས་པ་དང་འདེབས་འཛུགས་བྱེད་སླ་བ། ཕྱིར་འཚོང་སྟབས་བདེ་བ་དང་རིན་གོང་བདེ་བ་བཅས་ཀྱི་རྒྱུ་རྐྱེན་ལ་གཞིགས་ནས་འབྲུ་སེའུ་འདེབས་འཛུགས་བྱེད་པའི་སེམས་ཐག་བཅད། བུག་རྗེ་ཡུལ་ཚོའི་ཏང་ཨུའི་སྲིད་གཞུང་དང་སྡེ་བའི་ཏང་ཀྲི་པུའུ་ཡི་རྒྱབ་སྐྱོབ་དང་སྣེ་ཁྲིད་འོག ས་ཞིང་མུའུ་4འཁོར་རྒྱུགས་དང་སྡེ་མི་20ལྷག་ལས་གཉེར་བྱེད་པར་གདན་དྲངས་ཏེ་ཕྱོགས་གཅིག་ནས་མང་ཚོགས་ཐག་ཉེར་ལས་ཞུགས་ཐུབ་པ་བྱས་པ་དང་ཕྱོགས་གཞན་ནས་འབྲུ་སེའུ་འདེབས་འཛུགས་ཚོད་ལྟ་བྱས།

        འདི་ནི་འཛམ་ཐང་རྫོང་གི་འབྲུ་སེའུ་འདེབས་འཛུགས་རྟེན་གཞི་ཐོག་མ་ཡིན་པའི་ཆ་ནས་རྫོང་གྲོང་གསེབ་དར་སྤེལ་ཅུས་ཀྱི་སྲིད་ཇུས་ཀྱི་རོགས་སྐྱོར་འོག 2021ལོ་ནས་བཟུང་བསོད་ནམས་སྟོབས་དང་སྡེ་བའི་ལས་བྱེད་ཚོགས་ཆུང་གི་རུ་མི་རྣམས་ཀྱིས་འབྲུ་སེའུ་རིགས་མི་འདྲ་བ་འདེབས་འཛུགས་ཚོད་ལྟ་བྱས། མི་སྣ་དང་ལག་རྩལ་བཅས་ཀྱི་རྐྱེན་གྱིས་འདེབས་འཛུགས་ཚོད་ལྟ་ཐེངས་རེ་རེར་ཕམ་ཁ་བྱུང་། ཡིན་ནའང་བསོད་ནམས་སྟོབས་དང་སྡེ་སྡོད་ལས་བྱེད་རུ་ཁག་གིས་སེམས་མ་ཕམ་པར་འབྲུ་སེའུ་རིགས་རེ་རེ་ཚོད་ལྟ་བྱས་རྗེས་བུག་རྗེ་སྡེ་བར་འདེབས་འཛུགས་བྱེད་འཚམ་པའི་འབྲུ་སེའུ་བདམ་ཐུབ་པ་བྱུང་།

        མི་སྣ་དོ་དམ་བྱེད་ཐབས་སྟེང་འདེབས་འཛུགས་མི་སྣ་ཕྱིའི་འབྲུ་སེའུ་འདེབས་འཛུགས་ཚོང་ལས་གཉེར་སྐྱོང་ཁང་དུ་སོང་ནས་ཆེད་ལས་ཤེས་བྱ་སློབ་སྦྱོང་བྱས་ཏེ་འདེབས་འཛུགས་རྩལ་ནུས་ཇེ་མཐོར་བཏང་། འདི་ལྟར་ཡུན་རིང་གི་འབད་བརྩོན་བརྒྱུད་ད་ལོར་འབྲུ་སེའུ་རིགས་ཤིག་འདེབས་འཛུགས་བྱས་པར་ལོ་ལེགས་བྱུང་བ་དང་སྐྱེ་ཚད་བརྒྱ་ཆ་བརྒྱད་ཅུ་ནས་དགུ་བཅུ་ཟིན་པ་དང་འབྲས་བུ་སྨིན་ཚད་བརྒྱ་ཆ་བརྒྱ་ཟིན།

        མིག་སྔར་ནི་ལོ་ལེན་པའི་དུས་ཚིགས་ཡིན་པས་སྡེ་མི་རྣམས་ཀྱི་རྟེན་གཞིར་འབྲུ་སེའུ་རྡོག་པོ་རེ་རེ་སླེ་བོར་འཐུས་ནས་ཕྱིར་འཚོང་བྱེད་བཞིན་ཡོད། འབྲུ་སེའུ་ལ་འཚོ་བཅུད་ཀྱི་རིན་ཐང་ལྡན་པས་ཁྲོམ་ར་རུ་གསེར་གྱི་བསིལ་ཏོག་ཞེས་པའི་འབོད་སྲོལ་ཐོགས་ཤིང་ཀུན་གྱི་དགའ་བསུ་ཐོབ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1