༄༅།།དྭངས་གཙང་གི་དག་ཞིང་།

དབང་ཆེན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-07


ནོར་འཛིན་སྒེག་མོས་ལང་ཚོའི་བརྗིད་ཉམས་དབྱར་གྱི་གཡུ་ལོའི་མཚར་སྡུག་རྫོགས། 

ཨ་སྔོན་གནམ་གྱིས་སྤྲིན་དཀར་འདབ་མའི་དར་དཀར་ན་བཟའ་ལུས་ལ་གསོལ། །

གནམ་སའི་བར་ཐག་གཞལ་ཚོན་དབང་གཞུའི་ཁོར་ཡུག་བརྡལ་བའི་གུར་ཁྱིམ་ཕུབ།།

སྣོད་བཅུད་གཡང་ཆགས་རིག་གནས་འབུམ་གྱིས་མིག་གི་རྒྱལ་མོའི་མཐོངས་ཀྱང་ཕྱེས། །

 

རིག་པའི་དགའ་ཚལ་ཟ་འོག་རྣམ་བཀྲའི་ཤེས་བྱ་རེ་རེས་ཁོངས་གསེང་ནས། །

རིག་གཞུང་སྟོང་གིས་བརྗོད་བྱའི་སྙིང་པོར་རྣམ་དཔྱོད་འདྲེན་པའི་འོད་སྣང་འབྱིན།།

རིག་པའི་ཁྲག་རྒྱུན་དྲོན་མོ་གཞུར་བའི་མཚོ་བོད་མཐོ་སྒང་ས་ལིའི་ལྗོངས། །

རིག་གནས་གཙུག་ལག་བྱེ་བས་འཁྱུད་པའི་རང་བྱུང་ཁོར་ཡུག་གཅིག་ཏུ་བཟླུམ། །

 

དཔྱོད་ཤེས་དཔའ་བོ་གསེར་གླིང་ཕྱིན་པས་ཕལ་པའི་ས་རྡོ་མི་རྙེད་པར། །

སྐྱེ་དངོས་ཁོར་ཡུག་དངོས་སྣང་ཕྲ་རགས་གཞལ་མེད་རིན་ཆེན་གཏེར་དུ་རྡོལ།།

ལོ་རྒྱུས་རིང་མོའི་གཏམ་གྱིས་སྙད་པའི་སྲོལ་རྒྱུན་རིག་པའི་དགའ་ཚལ་ནས། །

ཤུལ་བཞག་རིག་དངོས་གསང་བའི་ཆུ་གཏེར་རྣམ་དཔྱོད་སྟོང་གི་གཟི་འོད་འཕྲོ། །

 

འཇིག་རྟེན་དག་ཞིང་དྭངས་གཙང་མཁའ་དབུགས་རང་བྱུང་སྨན་གྱི་གྲོང་ཁྱེར་དུ།།

ཆེད་དོན་ཏང་འཛུགས་ངག་གི་རོལ་མོའི་དུས་ཀྱི་ཕོ་ཉའི་དེབ་གཟུགས་སུ། །

གནའ་དེང་ཤེས་བྱ་འོད་སྣང་འབུམ་འགྱེད་རྣམ་དཔྱོད་རིག་པའི་དགའ་ཚལ་འདིར།།

བོད་འབྲེལ་མཐོ་སྒང་ཞིང་འབྲོག་ཡོངས་ལ་མཐོང་བྱེད་རྒྱལ་མོའི་སྐྱེས་སུ་འབུལ།།

 

སྐྱེ་ཁམས་དཔལ་ཡོན་ལྗང་མདོག་བསྒྱུར་བའི་གཡུ་ལོ་སྟུག་པོས་ཐགས་སུ་བྲེས། །

དཀར་གསལ་དྲི་མེད་ཁ་བའི་འདབ་མའི་ལྭ་བ་དཀར་པོའི་ན་བཟའ་ཀླུབས། །

གཙང་གསུམ་འབྱམས་པའི་འབབ་ལྡན་དགའ་མས་མུ་ཏིག་དོག་པའི་རླབས་ཕྲེང་གཏོར། །

བས་མཐའི་ནགས་ཀླུང་ཚང་ཚིང་ལྗོན་པའི་ཕྱག་གིས་གཡབ་མོའི་བསིལ་རླུང་འབུད།།

 

འཛམ་གླིང་ས་མཐོའི་སྲིད་པའི་འཇིག་རྟེན་རིག་གནས་བྱེ་བའི་སྟེགས་སུ་ཆགས། །

དངོས་ཁམས་རིག་པའི་དཔལ་ཡོན་རབ་རྫོགས་རྫོགས་ལྡན་གསར་པའི་དགའ་སྟོན་ལ།།

ཆེད་མཁས་དཔའ་བོའི་ཕྲ་མཐོང་མྱུལ་ཞིབ་ལེགས་བཤད་མགྲིན་རྔ་ཕྱོགས་ཀུན་ལྡིར།།

མི་རིགས་ཁག་གིས་གོམ་པའི་འདེགས་མགྱོགས་ལྗོངས་རྒྱུའི་ཁ་ཕྱོགས་གཅིག་དུ་བསྒྱུར།།

 

ཁྱད་པར་རི་ཆུའི་རིག་གནས་ཁོར་བསྲུང་སྲིད་འཛིན་བཀའ་ཡིས་སྐུལ་མ་ལ།  །

གདམས་པའི་ཉིང་བཅུད་བདུད་རྩིའི་ཟས་བཞིན་ཡོངས་ཀྱིས་ཡིད་ལ་གཅག་པ་ཡིས།།

ཡུལ་དགེ་དུས་ཤིས་ནད་མེད་ལང་ཚོའི་ཚེ་བསོད་དཔལ་འབྱོར་རྒྱས་གྱུར་ཏེ། །

བསམ་དོན་གེགས་མེད་ལྷུན་གྱིས་གྲུབ་པའི་དགེ་མཚན་སྟོང་གིས་ཕྱོགས་བརྒྱར་འབར།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1