ཞི་ཅིན་ཕིང་གིས་རྒྱ་གྲམ་དམར་རྟགས་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་སི་པོ་ལི་ཡཱ་ལི་ཚི་དང་མཇལ་འཛོམས་གནང་བ།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས། སྤེལ་དུས། 09-07


ཟླ་9ཚེས་5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་རྒྱ་གྲམ་དམར་རྟགས་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་སི་པོ་ལི་ཡཱ་ལི་ཚི་དང་མཇལ་འཛོམས་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་རྒྱ་གྲམ་དམར་རྟགས་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་སི་པོ་ལི་ཡཱ་ལི་ཚི་དང་མཇལ་འཛོམས་གནང་བ་རེད།

ཞི་ཅིན་ཕིང་གིས་རྒྱ་གྲམ་དམར་རྟགས་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་160སོང་རིང་། རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཐད་ཕན་འབྲས་ལྡན་པའི་ལས་དོན་སྤེལ་བར་ཚད་མཐོའི་གདེང་འཇོག་གནང་བ་མ་ཟད། རྒྱ་གྲམ་དམར་རྟགས་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གིས་འཛམ་གླིང་ཞི་བདེ་དང་ཡར་ཐོན་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བར་བསྔགས་བརྗོད་ཀྱང་གནང་བ་རེད།

ཞི་ཅིན་ཕིང་གིས། དེང་སྐབས་ཀྱི་འཛམ་གླིང་ལ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་ལ། མིའི་རིགས་ཀྱི་སྤྱི་ཚོགས་ལ་འགྲན་སློང་མང་པོ་འཕྲད་ཅིང་། ལ་ལ་ནི་དེ་སྔ་འཕྲད་པ་དང་འདྲ་བ་དང་། ལ་ལ་ནི་འགྲན་སློང་གསར་པ་རེད། དེ་ལྟ་བུའི་དུས་བབ་འོག་ཀྲུང་གོས་རང་སྲུང་གཙོ་བཞག་མི་བྱེད་པར། འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཐག་གཅོད་ཀྱི་ཐབས་ལམ་ཐུན་མོང་ཐོག་འཚོལ་ཞིབ་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་བཏང་ཡོད། ངས་བཏོན་པའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོ་འཕེལ་རྒྱས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་ནི་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་ལེགས་གཏོང་། གཉིས་ཁེ་གཉིས་ཕན་བཅས་མངོན་འགྱུར་བྱས་ཏེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་དང་མི་ཆོས་རིང་ལུགས་ཀྱི་གནད་དོན་བཅོས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་ཆེད་ཀྲུང་གོའི་འདུ་ཤེས་དང་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱ་རྒྱུའི་རེ་བ་བྱེད་པ་དེ་ཡིན་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས། མི་ཆོས་རིང་ལུགས་ནི་ཤེས་དཔལ་མི་འདྲ་བ་གཅིག་སྒྲིལ་གྱི་ཐུན་མོང་གི་ངོས་འཛིན་ཆེ་ཤོས་ཤིག་རེད། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཁྲོད་འདུས་པའི“བྱམས་སྐྱོང་ཟེར་བ་ནི་མི་ལ་དགའ་ཞེན་བྱེད་པ་དེ་ཡིན་པ”དང“གང་ཞིག་རང་གིས་མི་འདོད་པ། གཞན་ལ་སྒྲུབ་ཏུ་འཇུག་མི་རུང”སོགས་ཚུད་པའི་བསམ་བློ་དེ་རྒྱལ་སྤྱིའི་རྒྱ་གྲམ་དམར་རྟགས་ལས་འགུལ་གྱི་དམིགས་ཡུལ་དང་མཐུན་ཡོད།

ཀྲུང་གོས་མི་དམངས་གོང་དུ་བཀུར་བའི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་གཞི་ཁྱོན་ཆེ་ཤོས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་པ་དང་། ཏོག་གསར་རིམས་ནད་རིང་རང་རྒྱལ་ཁབ་ཀྱི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོང་བྱས་པ་མ་ཟད། ལོ་རྒྱུས་ཐོག་གི་གཞི་ཁྱོན་ཆེ་ཤོས་ཀྱི་གོ་ལ་ཧྲིལ་པོའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱ་སྤྱོད་ཀྱང་སྤེལ་ཡོད། ཀྲུང་གོ་ནི་རྒྱལ་སྤྱིའི་མི་ཆོས་རིང་ལུགས་བྱ་གཞག་ལ་བརྩི་བཀུར་ཧུར་ཐག་ཞུ་མཁན་དང་། དེའི་ནང་ཞུགས་མཁན། ལེགས་སྐྱེས་འབུལ་མཁན་བཅས་ཡིན་པ་དོན་དངོས་ལས་ར་འཕྲོད་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱ་གྲམ་དམར་རྟགས་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་དང་མཉམ་ལས་སྔར་བས་དམ་ཟབ་བྱས་ཏེ་མིའི་རིགས་ཀྱི་ཞི་བདེ་དང་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་གལ་ཆེན་འབུལ་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།

སི་པོ་ལི་ཡཱ་ལི་ཚིས། ཀྲུང་གོ་སྐབས་49པའི་ནན་ཏིང་ཀེའི་བྱ་དགའ་ཐོབ་མཁན་མི་གྲངས་མང་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་པར་རྟེན་འབྲེལ་ཞུ་རྒྱུ་ཡིན་ལ། དེ་ཐོག་ནས་རྒྱ་གྲམ་དམར་རྟགས་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་མི་ཆོས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཚད་མཐོའི་ཁས་ལེན་བྱས་པའང་མཚོན་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་ལ་བརྩི་འཇོག་དང་ལག་ལེན་བསྟར་ཡོད་ལ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱིས་འཛམ་གླིང་གི་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་དང་གོ་ལ་ཧྲིལ་པོའི་མི་ཆོས་རིང་ལུགས་ཀྱི་བྱ་གཞག་ལ་རམ་འདེགས་བྱས་ཡོད། རྒྱ་གྲམ་དམར་རྟགས་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བྱ་གཞག་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་དང་ལེགས་སྐྱེས་གལ་ཆེན་ཕུལ་བར་ཚད་མཐོའི་བསྔགས་བརྗོད་བྱ་རྒྱུ་དང་འབྲེལ། ཀྲུང་གོ་ཕྱོགས་དང་མཉམ་ལས་སྔར་བས་གཏིང་ཟབ་བྱས་ནས་འཛམ་གླིང་ཞི་བདེ་འཕེལ་རྒྱས་དང་དེ་བཞིན་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བྱ་གཞག་ལ་སྐུལ་འདེད་གཏོང་བར་མཉམ་དུ་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1